ཞི་ཅིན་ཕིང་གིས་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
2023.03.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 163

ཟླ་གསུམ་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་རྣམ་དག་མཛའ་བརྩེ་བཟུང་ཞིང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་པས། འཕེལ་རྒྱས་དར་རྒྱས་བགྲོད་ལམ་སྟེང་གི་གྲོགས་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད། ན་ནིང་ལོ་མཇུག་ཏུ་བདག་དང་ཙུང་ཐུང་ཝ་ཐཱ་ལཱ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གསར་བ་བྱུང་ཡོད། བདག་གིས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཙུང་ཐུང་ཝ་ཐཱ་ལཱ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བ་གོ་སྐབས་སུ་བྱས་ཏེ། ཕན་ཚུན་གྱི་རྒྱབ་སྐྱོར་སྲ་བརྟན་དུ་གཏོང་བ་དང་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཐོག ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས། 

ཝ་ཐཱ་ལཱ་ཡིས་བསྟན་དོན། འདས་པའི་ལོ་ངོ་བཞི་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་སུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁོ་ཐེ་ཏི་ཝོར་གྱི་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་མཐུན་སྒྲིལ་རོགས་རེས་དང་བརྗེ་རེས་དམ་ཟབ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་དུས་རབས་གསར་བར་བསྐྱོད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ཆེ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།