ཟླ་གསུམ་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་བཅས་ཀྱིས་ཁྲིན་ཏུང་དང་ལིའུ་དབྱང་ལ“རིམ་པ་གཉིས་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”གནང་བ་དང་ཚའེ་ཞུའུ་ཀྲི་ལ“མཁའ་སྐྱོད་པ་དཔའ་བོ”ཞེས་པའི་གཟི་བརྗིད་མཚན་སྙན་དང “རིམ་པ་གསུམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”གནང་བའི་སྐོར་གྱི་ཆོད་དོན་སྤེལ། ཆོད་དོན་གྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན། ལྷ་གྲུ་བཅུ་བཞི་པའི་མི་སྡོད་འཕུར་གྲུ་རྒྱལ་ཁའི་ངང་བར་སྣང་དུ་བཏང་བ་དང་། རང་རྒྱལ་གྱི་མཁའ་སྐྱོད་པ་ཁྲིན་ཏུང་དང་ལིའུ་དབྱང་། ཚའེ་ཞུའུ་ཀྲི་བཅས་འཕུར་གྲུའི་སྟེང་བསྡད་དེ་བདེ་བླག་ངང་མཁའ་མཐུན་ལྟེ་བའི་གྲུ་ཚང་དུ་བསྐྱོད་པ་དང་། ཟླ་དྲུག་གི་རིང་འཁོར་ལམ་དུ་བསྡད་ལ། སྔ་རྗེས་སུ་གྲུ་ཚང་ནས་ཕྱིར་འབུད་པའི་བྱེད་སྒོ་ཐེངས་གསུམ་སྤེལ་ནས། བར་སྣང་ས་ཚིགས་ཀྱི་གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་དང་དེ་བཞིན་བར་སྣང་བཀོལ་སྤྱོད་ལས་འགན་གྱི་འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་གྱི་ཚོད་ལྟ་ཚང་མ་ཡོངས་འགྲུབ་བྱས་ནས། བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་བྱས་མཐར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་བདེ་འཇགས་ངང་ཕྱིར་ས་ཐོག་ཏུ་འབྱོར།
བློ་མཐུན་ཁྲིན་ཏུང་དང་ལིའུ་དབྱང་། ཚའེ་ཞུའུ་ཀྲི་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། བླ་མེད་ཀྱི་བྱ་གཞག་ལ་ནུས་ཤུགས་གང་ཡོད་བཏོན་པའི་དུས་རབས་ཀྱི་གདོང་ལེན་པ་ཡིན་ལ། འཇིག་རྟེན་འཚོལ་ཞིབ་དང་བར་སྣང་གི་ཕུགས་བསམ་དོན་གཉེར་མཁན། མཁའ་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་མཁན་བཅས་ཀྱི་དཔེ་སྟོན་མི་སྣ་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་།དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། བྱ་དགའ་ཐོབ་པའི་མཁའ་སྐྱོད་པ་མིག་དཔེ་རུ་འཛིན་རྒྱུ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ནས། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བློ་གཅིག་སེམས་གཅིག་བྱེད་པ། དཀའ་སྤྱད་འབད་བརྩོན་བྱེད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ་བཅས་བྱས་མཐར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བཏང་བ་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།