རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2023.03.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་ཞིབ་བྱས། ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་དང་ཝང་དབྱང་གཉིས་ཀྱིས་གཏམ་བཤད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཞའོ་ཕེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཞིབ་ལ་ཞུགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞི་ལ་ཉན།

འཐུས་མི་ཁྲིན་ཀང་གིས་བཤད་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་འབེན་གང་ལེགས་སྒོས་མཚོན་པར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་དང་འཆར་འགོད་མཚོན་པར་བྱས་པ་དང་། དུས་རབས་གསར་པའི་ཏང་གི་རིགས་པའི་གསར་གཏོད་གཞུང་ལུགས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ལ། དེ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་ཁ་ཕྱོགས་གསལ་བ་དང་། སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པ། མི་སེམས་སྐུལ་ཞིང་འབད་འབུངས་ཡར་བརྩོན་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། གོ་རིམ་རྗེས་མར་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་སྒྲུབ་དགོས་ལ། རྒྱུན་མཐུད་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཤིབ་བསྡུར་བྱས་ནས་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རྐང་བཙུགས་ནས་མཚོ་སྔོན་གྱི་ངེས་གནས་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་གནད་འཁེལ་ཤུགས་འདོན་བྱེད་པ། ཏན་ཏན་ཏིག་ཏིག་སྒོས་ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱས་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་རྨང་གཞི་བརྟན་པོ་འདིང་དགོས།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་དོན། སྙན་ཞུའི་ནང་དོན་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་དང་འཕེལ་རྒྱས་ཀྱི་ཤུགས་ཚད། དམངས་ཚིས་ཀྱི་དྲོད་ཚད་་བཅས་མངོན་པར་བྱས་ཡོད་པས། ངས་ཡོངས་སུ་འཐད་པ་ཡིན། དེ་ནི་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མངོན་པར་བྱས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བསྐྲུན་པའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བའི་བྱས་རྗེས་ངོ་མཚར་ཅན་དང་འཛམ་གླིང་ཡོངས་སུ་དབུལ་ཕོངས་ཇེ་ཉུང་དུ་བཏང་བའི་བྱས་རྗེས་ངོ་མཚར་ཅན། མི་གྲངས་མང་པོའི་རྒྱལ་ཁབ་ཆེན་པོས་རིམས་འགོག་ཐད་བཞག་པའི་བྱས་རྗེས་ངོ་མཚར་ཅན། སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡིན་པའི་བྱས་རྗེས་ངོ་མཚར་ཅན་བཅས་བཞག་པ་ལེགས་པར་མཚོན་ཡོད། ང་ཚོས་སྔར་ལས་བློ་རྩ་བརྟན་པོའི་སྒོ་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་སྒྲུབ་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྙན་ཞུའི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བཟང་བོ་བྱས་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

འཐུས་མི་ཝང་དབྱང་གིས་བཤད་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ནི་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་གནས་བབ་ཆེན་པོར་སྟངས་འཛིན་བྱས་པ་དང་། ལས་འགན་གནད་ལ་འཁེལ་བ། དམངས་ཚིས་དོན་ཐོག་ཏུ་འཁྱོལ་བའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་ཡོངས་སུ་འཐད་པ་ཡིན། ང་ཚོས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལས་གནང་བའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་མཁས་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ས་གང་དུ་ལག་བསྟར་བྱེད་ན། ས་དེ་རུ་ཆབ་སྲིད་ལྟ་སྐུལ་ནན་མོ་བྱེད་དགོས་ལ། ཆབ་སྲིད་ལྟ་སྐུལ་བྱེ་བྲག་ཅན་དང་གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། མང་ཚོགས་གམ་གྱི་མི་ལེགས་པའི་སྤྱོད་ངན་དང་རུལ་སུངས་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱེད་པ་དེ་སྤྱོད་གཙང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཙོ་བོར་བརྩིས་ཏེ། མང་ཚོགས་ཀྱི་དཀའ་ཁག་སེལ་བའི་གནད་དོན་ཐག་གཅོད་པ་དང་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས་མུ་མཐུད་དུ་ཏང་གི་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ལིའུ་གོ་ཆང་དང་ལིས་ཀའོ། ཏིས་ཆིན་ཡུན། ཆའོ་ཡ་ཆུན། པུས་ཧྲིན་ལུང་སོགས་འཐུས་མིས་གཏམ་བཤད།

                                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།