ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་སོ་སོར་རིམ་པ་སོ་སོའི་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ནས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས། མགོན་པོ་བཀྲ་ཤིས་དང་ཝང་ཅན་ཅུན། རྡོ་རྗེ་རབ་བརྟན། པད་ཁོ། ལིའུ་ཐུང་ཏི། ཝང་ཞོན། མཱ་ཡུའེ་ཞང་སོགས་ཨུ་ཡོན་གྱིས་གཏམ་བཤད། ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་གྲོས་ཚོགས་ལ་ཞུགས།
ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྙན་ཞུ་གཉིས་ཀྱིས་བྱ་བར་ཕྱིར་ལྟ་དང་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། གྲོས་གཞི་བཏོན་ལ། དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སྙན་ཞུ་བཟང་བོ་ཞིག་དང་། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་བསྟར་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད། འདས་པའི་ལོ་ལྔའི་ནང་། ཏང་ཀྲུང་དབྱང་གིས་སྲིད་གྲོས་བྱ་བའི་གྲོས་ཚོགས་ཐོག་དང་པོར་བསྡུས་ནས། ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས་ལ། དེ་ནི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པའི་རྩ་བའི་རྒྱུ་རྐྱེན་དང་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན། འདས་པའི་ལོ་ལྔའི་ནང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆབ་སྲིད་འཛུགས་སྐྲུན་བཟང་བོ་བྱས་པ་དང་། འགན་སྒྲུབ་ཇུས་འབུལ་སྔར་ལས་གནད་ལ་འཁེལ་བ་བྱས་ལ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་ཐད་སྔར་ལས་ཕན་འབྲས་ལྡན་པ་དང་། མཐུན་སྒྲིལ་ལ་མངོན་གསལ་སྒོས་སྐུལ་འདེད་བཏང་ཞིང་ སྲིད་གྲོས་བྱ་བ་སྔར་ལས་ཚད་ལྡན་ཡིན་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་ཤུགས་ཆེན་ཞུས། རྗེས་ཕྱོགས་ཀྱི་བྱ་བའི་ཐད་ནས་བཏོན་པའི་གྲོས་གཞི་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་མི་དམངས་སྲིད་གྲོས་བྱ་བའི་གནས་ཚུལ་དངོས་དང་མཐུན། སྙན་ཞུ་གཉིས་ལ་ཧ་ཅང་འཐད་པ་ཡིན། ང་ཚོས་སྙན་ཞུའི་ནང་བཏོན་པའི་བཀོད་སྒྲིག་གསར་པ་དང་རེ་བ་གསར་པ་དེ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་མཚོ་སྔོན་སྲིད་གྲོས་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་དོན་འཁྱོལ་ནན་མོ་བྱེད་རྒྱུ་ཡིན་ཟེར།
ཨུ་ཡོན་ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་རིང་རྒྱུ་མེད་ན་ཡང་། ཚིག་རེ་རེར་གཏིང་ཤུགས་ཆེན་པོ་ཡོད་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བར་ཤུགས་དང་ཕན་འབྲས་ལྡན་པ་དང་། དེ་ནི་སྙན་ཞུ་བཟང་བོའི་རྨང་གཞི་ཡིན་ལ། སྲིད་གྲོས་ཀྱི་སྐད་ཆ་སྤྱད་དེ་སྲིད་གྲོས་ཀྱི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་ཡོད་པ་དང་། དེ་ནི་སྙན་ཞུ་བཟང་བོའི་རིན་ཐང་རེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་བྱ་བའི་ཁྱད་ཆོས་བརྩི་མཐོང་གསུམ་གྱི་སྟེང་མངོན་པར་བྱས་ཡོད་པ་སྟེ། སློབ་སྦྱོང་ལ་བརྩི་མཐོང་བྱས་ཡོད་དེ། སློབ་སྦྱོང་གི་ཆེས་ཆེ་བའི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བ་དེ་ཡིན་ལ། གསར་གཏོད་ལ་བརྩི་མཐོང་བྱས་ཡོད་དེ། གསར་གཏོད་ཀྱི་ཆེས་བཟང་བའི་བྱེད་ཐབས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་སྐོར་གྱི་ངོ་བོའི་ངེས་གནས་བྱེ་བྲག་ཅན་དང་ལག་ལེན་ཅན་དུ་བསྒྱུར་བ་དེ་ཡིན་པ་དང་། མཐུན་སྒྲིལ་ལ་བརྩི་མཐོང་བྱས་ཡོད་དེ། མཐུན་སྒྲིལ་གྱི་ཆེས་བཟང་བའི་སྐད་སྒྲ་ནི་རིགས་སོ་སོ་དང་ལས་རིགས་སོ་སོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པ་དེ་ཡིན། བྱ་བར་ཤུགས་དང་ཕན་འབྲས་ལྡན་པ་དང་། སྙན་ཞུ་ཧ་ཅང་བཟང་ལ། འདི་འདྲའི་སྙན་ཞུ་བཟང་བོར། སྲིད་གྲོས་ཨུ་ཡོན་ཡིན་པའི་ཆ་ནས་ང་རང་ཧ་ཅང་འཐད་པ་ཡིན་ཟེར།
ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ནི་ཆབ་སྲིད་རང་བཞིན་དང་མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན་ལྡན་པའི་སྙན་ཞུ་ཞིག་ཡིན་པ་དང་། འདས་པའི་ལོ་ལྔའི་བྱ་བར་སྤྱི་སྡོམ་བྱས་ཡོད་ལ། དེའི་མངོན་གསལ་གྱི་ཁྱད་ཆོས་ནི་གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་འཆར་འགོད་བཟང་བོ་བྱས་ཡོད། གསར་གཏོད་སྒོས་གཞུང་ལུགས་སློབ་སྦྱོང་སྤེལ་བས། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་གཞི་རྩ་སྔར་ལས་ཇེ་བརྟན་དུ་སོང་ཡོད། ཏང་འཛུགས་བྱ་བ་གསར་གཏོད་བྱས་པ་དང་། ཏང་གི་འགོ་ཁྲིད་རྟོག་ཞིབ་གྲོས་མོལ་དང་ཨུ་ཡོན་ལ་དོ་དམ་བྱེད་པ་སོགས་ཀྱི་དུས་རིམ་སོ་སོ་རུ་མངོན་པར་བྱས་ནས། ཏང་འཛུགས་དེ་སྲིད་གྲོས་བྱ་བའི་ཁྱད་ཆོས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཡོད། གྲོས་མོལ་རྣམ་པ་གསར་གཏོད་བྱས་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་བློ་འདོན་སྲིད་སྐྱོང་བྱེད་པའི་ཕྱོགས་ལ་ཤུགས་འདོན་པའི་ཁྲིད་ཕྱོགས་མངོན་གསལ་རྒྱུན་འཁྱོངས་བྱས་ཏེ། གྲོས་མོལ་བྱ་བའི་རྣམ་པ་དང་བྱེད་ཐབས། ནང་དོན་བཅས་ཐད་ནས་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱས། མཐུན་སྒྲིལ་སྣེ་ཁྲིད་བྱ་བ་གསར་གཏོད་བྱས་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་མཐུན་སྒྲིལ་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་། སྙན་ཞུའི་ནང་བཏོན་པའི་རྗེས་ཕྱོགས་ཀྱི་བྱ་བའི་ཐད་ཀྱི་བསམ་འཆར་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། སྲིད་གྲོས་བྱ་བའི་ཐད་ནས་སྔ་སྐྱོང་རྒྱུན་མཐུད་བྱས་པ་མཚོན་ཡོད་པས། ང་རང་ཧ་ཅང་འཐད་པ་ཡིན་ཟེར།
ཨུ་ཡོན་པད་ཁོས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡིས་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་ལྟ་བྱས་པ་དང་། ཉམས་མྱོང་སྤྱི་སྡོམ་བྱས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་པར་འཆར་འགོད་བྱས་ཡོད་པ་དང་། སྙན་ཞུའི་འགོ་མཇུག་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་ཁྱབ་པར་བྱས་ཡོད་ལ། འགོ་མཇུག་བར་གསུམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་ཁྱབ་པར་བྱས་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཡོངས་ཁོང་དུ་ཆུད་པ་དང་སྤྱི་ཡོངས་ལ་རྒྱུས་ལོན་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཁག་ཁུར་མངོན་ཡོད་ལ། དེ་ནི་ཆབ་སྲིད་གླེང་བ་དང་མཐོ་ཚད་ཡོད་པ། གཏིང་ཟབ་པ་དང་དྲོད་ཁོལ་ལྡན་པ། དྲིན་གཟོ་འབད་འཐབ་དང་སེམས་ཤུགས་གཅིག་བསྡུས་ཀྱི་སྙན་ཞུ་བཟང་བོ་ཞིག་རེད། སྲིད་གྲོས་ཀྱི་ཨུ་ཡོན་གསར་པ་ཞིག་དང་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་སྲོག་ཤིང་མི་འགྱུར་བ་དང་། ནམ་ཡང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་རེ་བ་ཡིད་ལ་དམ་པོར་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། འགན་སྒྲུབ་ནན་མོ་བྱེད་པ་བཅས་བྱས་ནས། ཧུར་ཐག་གིས་ཆེས་ཆེ་བའི་སྤྱིའི་བགོ་གྲངས་འཚོལ་བ་དང་ཆེས་ཆེ་བའི་ལྟེ་མཐུན་སྒོར་དབྱིབས་འབྲི་རྒྱུ་ཡིན་ཟེར།
ཨུ་ཡོན་ལིའུ་ཐུང་ཏི་ཡིས་སྙན་ཞུའི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་དཀྱིལ་སྙིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་གྲུབ་འབྲས་གསར་པ་དང་ཁག་ཁུར་གསར་པ་མངོན་པར་བྱས་ཡོད་ལ། གྲོས་མོལ་དམངས་གཙོས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་ཁྱད་འཕགས་ནུས་པ་མངོན་པར་བྱས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་མངོན་ཡོད། ལོ་ལྔའི་འགན་སྒྲུབ་ལག་ལེན་ཁྲོད། ང་ལ་ཐོབ་པའི་མྱོང་ཚོར་ཆེས་ཟབ་མོ་ནི། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ནི་ཆེས་རྒྱ་ཆེ་བ་དང་ཆེས་དྲང་བདེན། ཆེས་གོ་ཆོད་པའི་དམངས་གཙོ་ཡིན་པ་དེ་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་ནས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་མངོན་ནས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་ཟེར།
ཨུ་ཡོན་ཝང་ཞོན་གྱིས་བཤད་རྒྱུར། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས། རྒྱལ་ཡོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱོགས་གསུམ་ཐད་ཀྱི་འབུར་ཐོན་མྱོང་ཚོར་ཐོབ་པ་དེ། གཅིག་ནི་ཐུན་མོང་གི་ལྟ་བ་གྲུབ་ཡོད་དེ། གཞུང་ལུགས་སློབ་སྦྱོང་དང་བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དུ་བསྒྱུར་ཡོད། གཉིས་ནི་གྲོས་མོལ་ནང་དོན་ཞིབ་ཕྲ་ཡིན་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གཙིགས་སུ་བཟུང་ནས་ཤུགས་བཏོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། གསུམ་ནི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པའི་ཐད་ནས་གྲུབ་འབྲས་བླངས་ཡོད་དེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཁ་གཏད་པའི་མདུན་ལྗོངས་རང་བཞིན་གྱི་གྲོས་གཞི་ཡོད་ལ། དམངས་ཚིས་དང་འབྲེལ་བའི་རྟོག་ཞིབ་ཀྱང་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་དོ་སྣང་བྱེད་པའི་གྲོས་གཞི་བཏོན་ཡོད་ཟེར།
ཨུ་ཡོན་མཱ་ཡུའེ་ཞང་གིས་བཤད་རྒྱུར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཕྱོགས་ནས། བསམ་ཕྱོགས་དང་འདུ་ཤེས། བྱེད་ཐབས་གསར་གཏོད་བྱས་པ་དང་། ལྷག་པར་དུ་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ནས་ཚན་རིག་རང་བཞིན་དང་མདུན་ལྟ་རང་བཞིན། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་གཞི་དང་བསམ་ཚུལ་མང་པོ་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཐུན་སྒྲིལ་མཉམ་ལས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་གཅིག་ཏུ་བསྡུས་ཡོད་ཟེར།
ཝང་ཁུན་དང་ལིས་ཆིན། གོ་ཅི་ཨན། ཨི་ཁྲུང་རུང་། ཀྲའོ་ཧའེ་ཞིན། མཱ་ཧའེ་ཅུན། ཧན་ཝུན་ལིན་སོགས་ཨུ་ཡོན་གྱིས་སོ་སོར་རང་སོ་སོའི་ཚན་ཆུང་ནས་གཏམ་བཤད། ཨུ་ཡོན་ཚོས་འདས་པའི་ལོ་ལྔའི་རིང་གི་རྒྱལ་ཡོངས་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་བྱས། ཁོ་ཚོས་སྙན་ཞུ་ཡིས་དར་ཆ་མཐོན་པོར་བསྒྲེང་བ་དང་སྤྱི་ཡོངས་ཁོང་དུ་ཆུད་པར་བྱས་ཡོད་ལ། བྱ་བ་སྤྱི་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་ཆ་ཚང་གཏིང་ཟབ་ཡིན་པ་དང་། དེ་ནི་ཆབ་སྲིད་གླེང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཐུན་མོང་གི་ལྟ་བ་ཇེ་མཐོར་གཏོང་བ། མི་སེམས་གཅིག་ཏུ་བསྡུ་བའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ཧ་ཅང་འཐད་པ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།