ཏེན་ཞུའེ་ཞང་ལེའོ་ཉིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2023.03.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞུའེ་ཞང་ཚེས་བདུན་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ལེའོ་ཉིང་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་རྣམས་དང་མཉམ་དུ་གྲོས་ཞིབ་མཛད།

འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས། ཏེན་ཞུའེ་ཞང་གིས་གསུངས་རྒྱུར།   ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཡོངས་སུ་འཐད་པ་ཡིན།  འདས་པའི་ལོ་ལྔའི་རིང་ལ།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པས་ཡིན།  དེ་བས།  གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ཟེར།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན།  ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་པས།   ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་འགན་འཁྲི་ལས་འགན་ལ་རྒྱུས་ལོན་ཡང་དག་བྱེད་པ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ།    ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།   བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ་ནུས་ཡོད་སྒོས་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ལུགས་མཐུན་སྒོས་དཔལ་འབྱོར་གྱི་ཚད་ཇེ་མང་དུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་།   འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་དགོས།   མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་སྔར་ལས་དྲང་གཞག་སྒོས་ཕན་འདོགས་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།   བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ལྡན་ཁྲོམ་ར་དང་ནུས་ཡོད་སྲིད་གཞུང་གཉིས་སྔར་ལས་ཟུང་འབྲེལ་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་།    རྒྱལ་ནང་འཁོར་སྐྱོད་ཆེན་པོ་གཙོ་གཞི་ཡིན་པ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་།   ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞིའི་ནང་རྐྱེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་དོན་འཁྱོལ་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས།

ཏེན་ཞུའེ་ཞང་གིས་ལེའོ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།   དུས་རབས་གསར་པའི་བྱང་ཤར་དར་སྤེལ་སྟེང་སྔར་ལས་ཁག་ཁུར་ཡོད་པར་བྱས་ཏེ་ལེའོ་ཉིང་དར་རྒྱས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་བཏོད་དགོས་པའི་རེ་བ་བཏོན།

                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།