ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་འགོ་འཛིན་པ་ཝང་ཧུའུ་ཉིང་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་འདུར་ཞུགས། ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས། ཝང་ཧུའུ་ཉིང་གིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་དང་ཨོ་མིན་བྱ་བའི་ཐད་གསར་རྩོམ་རང་བཞིན་ལྡན་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཏེ། ཞང་ཀང་དང་ཨོ་མིན་གྱིས་དུས་ཡུན་རིང་བོའི་བརྟན་འཇགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་བཏང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། རྒྱལ་ཁབ་དང་ཞང་ཀང་དང་ཨོ་མིན་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་ཞང་ཀང་དང་ཨོ་མིན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས། ཕྱོགས་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་བས་ཞང་ཀང་སྐྱོང་བ་དང་ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་དོ་དམ་དང་བཅོས་སྐྱོང་དབང་ཆ་དོན་འཁྱོལ་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་གཅེས་པས་ཞང་ཀང་དང་ཨོ་མིན་སྐྱོང་བའི་རྩ་དོན་དོན་འཁྱོལ་བྱེད་པ། ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡུན་རིང་བོར་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།