མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་གྲོས་ཚོགས་བསྡུས།
2023.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་གྲོལ་བའི་སྐབས་སུ། མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་གྲོས་ཚོགས་བསྡུས་པ་དང་། འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཝུའུ་ཞའོ་ཅུན་དང་ཝང་ལིས་མེན། ཝང་དབྱང་བཅས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་བསྟན་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོར་བསྡུས་པའི་གྲོས་ཚོགས་གལ་ཆེན་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། གྲོས་ཚོགས་སྐབས་སུ། མཚོ་སྔོན་འཐུས་ཚབ་ཚོགས་པས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ལ། དམངས་གཙོ་གླེང་བ་དང་མཉམ་ལས་ལ་དོ་སྣང་བྱས་ནས། ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ཚད་ལྡན་གྱི་རྒྱུགས་ལན་སྤྲད་ལ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་བྱས་ཡོད། འཐུས་མི་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱས་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ལ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོས་བྱ་བའི་སྙན་ཞུ་སྣ་ཚོགས་དང་འབྲེལ་ཡོད་བཅའ་ཁྲིམས་ལ་གྲོས་ཞིབ་དང་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འདོད་བློ་དང་སེམས་གཏམ་མཚོན་པར་བྱས་ལ། ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་དམངས་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཀྱི་འཐུས་མིས་མི་དམངས་བསམ་པའི་གཟི་བརྗིད་ཀྱི་འགན་འཁྲི་ལག་བསྟར་བྱས། ལས་བྱེད་མི་སྣ་ཡོངས་ཀྱིས་གྲོས་ཚོགས་ཀྱི་དུས་ཚོད་བྲེལ་མྱུར་ཆེ་བ་དང་གྲོས་རིམ་མང་པ། ལས་འགན་ལྕི་བ། རེ་བ་མཐོ་བའི་གནས་ཚུལ་འོག་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་འབད་འཐབ་ལྷོད་མེད་བྱས་པ་དང་། གྲོས་ཚོགས་ཀྱི་མཁོ་སྒྲུབ་དང་དཔྱད་གཞི་ཡིག་ཆ་གནད་བསྡུས། གྲོས་དོན་གྲོས་གཞི། གསར་འགྱུར་དྲིལ་སྒྲོག བདེ་འཇགས་སྲུང་སྐྱོབ། སྨན་བཅོས་ལུས་གསོ་དང་རིམས་ནད་འགོག་སྡོམ་སོགས་བྱ་བ་སྣ་ཚོགས་གཟབ་ནན་ཞིབ་ཕྲ་དང་ཕན་པ་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ནས། ཚོགས་ཆེན་བདེ་འཇགས་དང་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱེད་ཆེད་སྟོབས་ཤུགས་ཕུལ།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཚོགས་ཆེན་གྲོལ་རྗེས་ལག་བསྟར་བྱེད་པའི་འགོ་བརྩམས་པ་ཡིན་པས། ཚང་མ་རང་སོ་སོའི་ལས་རྐང་སྟེང་ཕྱིར་ལོག་རྗེས། འགོ་ཁྲིད་དེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། གྲོས་ཚོགས་ཐད་ཀྱི་ཕུལ་བྱུང་སྤྱོད་ཚུལ་དང་ཉམས་མྱོང་བྱེད་ཐབས་བྱ་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས། མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

རིན་ཆེན་མཚོས་བསྒྱུར།