ཚེ་རིང་ཐར་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་གྲོང་གསེབ་དར་སྤེལ་དང་ཞིང་ལས་ཐོན་སྐྱེད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས།
2023.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་གྲོང་གསེབ་དར་སྤེལ་དང་ཞིང་ལས་ཐོན་སྐྱེད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་རྣམ་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱས་ནས། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

ཚེ་རིང་ཐར་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དང་། སྟོང་སྐོར་རྫོང་། ཧོང་ཀྲུང་དང་། མཚོ་ཤར་གྲོང་ཁྱེར་ལི་ཏུའུ། ཕིན་ཨན་སོགས་ཀྱི་ས་ཞིང་དང་། བཟོ་གྲྭ། གསོ་སྤེལ་རྟེན་གཞི། རི་ཁུག་སྡེ་བ་སོགས་སུ་སོང་ནས། ཡུལ་དངོས་ནས་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། ཁོར་ཡུག་བཅོས་སྐྱོང་། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་ནས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བའི་འཛུགས་སྐྲུན་འཕེལ་རིམ་གྱི་གནས་ཚུལ་འཐེན་བཤེར་བྱས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ད་ལོའི་གྲོང་གསེབ་དར་སྤེལ་བྱ་བའི་ལས་འགན་ཧ་ཅང་ལྕི་བས། གཙོ་གནད་འབུར་ཐོན་བྱེད་པ་དང་འཆར་འགོད་ཞིབ་མོ་བྱེད་དགོས་ལ། ནོར་སྲིད་རྒྱབ་སྐྱོར་མ་དངུལ་བཀོལ་སྤྱོད་ཡག་པོ་བྱས་ནས། གྲོང་གསེབ་དར་སྤེལ་གྱི་སྤེལ་འདེགས་རིམ་སྤོར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཐོན་ལས་རྣམ་གྲངས་སྔར་ལས་གནད་ཁེལ་བྱེད་དགོས་ཏེ། རྫོང་ཁོངས་ཀྱི་གནས་ཚུལ་དངོས་དང་རང་བྱུང་ཐོན་ཁུངས་ལ་རྐང་བཙུགས་ནས་ཐོན་ལས་ཡང་དག་ཅིག་འདེམ་པ་དང་། དོན་དངོས་དང་མི་མཐུན་པ་དང་རེ་སྙེགས་ཚད་བརྒལ་སྔོན་འགོག་བྱེད་དགོས་ལ།  ཐོན་ལས་རྣམ་གྲངས་ཀྱི་ཕྲན་འབྲས་དམའ་བའི་རང་བཞིན་གྱིས་མ་དངུལ་ཆུད་ཟོས་སུ་གཏོང་བའི་གནད་དོན་གཏན་འགོག་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་སྟེ། རིམ་མཐུད་ཀྱིས་རྣམ་གྲངས་བསྐྲུན་པ་དང་། ལས་གཞིའི་ཇུས་གཞི་ལེགས་སྒྱུར་བྱས་ཏེ་སྤུས་ཚད་འགན་སྲུང་བྱས་པའི་སྔོན་འགྲོའི་འོག ལས་གཞིའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ད་ལོའི་རྣམ་གྲངས་གསར་བ་བསྐྲུན་ན། སྔོན་དུས་ཀྱི་གྲ་སྒྲིག་བྱ་བ་ཇེ་མགྱོགས་སུ་གཏོང་དགོས་ལ་མཐུན་སྦྱོར་ཞབས་ཞུ་ལ་ཤུགས་སྣོན་བྱས་ཏེ། མྱུར་དུ་ལག་བསྟར་བྱས་ནས་ལས་མགོ་རྩོམ་པར་བརྩོན་ལེན་བྱེད་དགོས། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཐོན་ལས་རྣམ་གྲངས་ཀྱི་སྔོན་སྐབས་ཞིབ་བཤེར་བླང་བྱ་དངོས་སུ་ལག་བསྟར་བྱེད་པ་དང་། སྐུལ་ཁྲིད་ཐུབ་པའི་དབུལ་ཐར་མང་ཚོགས་ཀྱི་ཁ་གྲངས་དང་ཞིབ་བཤེར་བྱེད་ཡུལ་གྱི་ཡོང་འབབ་ཚན་རིག་དང་མཐུན་པར་རྩིས་ལེན་བྱེད་པ་དང་། ལས་གཉེར་ལས་ཞུགས་དང་མངག་ཐོ་ཉོ་སྒྲུབ། ས་ཞིང་རྒྱུན་འཁོར། མ་རྐང་དུ་ཞུགས་པའི་ལས་བགོས་སོགས་ཀྱི་ཞིང་འབྲེལ་ཞིང་ཁྲིད་བྱེད་ཐབས་དངོས་འབེབས་ཞིབ་མོ་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་རྒྱ་སྐྱེད་དང་། རྣམ་གྲངས་ཀྱིས་ཡོངས་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་ཕན་ནུས་འདོན་སྤེལ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།

                                                                                             རིག་འཛིན་སྒྲོལ་མས་བསྒྱུར།