རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་བསྡུས།
2023.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་འཆམ་བྱུང་བའི་གྲོས་རིམ་ལྟར། གྲོས་ཚོགས་ནས་སོ་སོར་བརྡས་ཐག་སྤྱད་པ་བརྒྱུད། ལིའུ་ཅུན་ཁྲིན་དང་གོ་ཀྲིན་ཧྭ། ཧི་ཞིན། ཧུའུ་ཞའོ་ལིས། ཨོ་དབྱང་ཁྲང་ཁྱུང་བཅས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱས།

གྲོས་ཚོགས་སྟེང་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཀྲའོ་ལི་ཅི་ཡིས་གསུང་བཤད་གནང་སྟེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ཁོང་དུ་ཆུད་པར་བྱེད་པ་དང་ཕྱོགས་ཡོངས་དངོས་འབེབས་བྱེད་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། བཀོལ་སྤྱོད་བཟང་བོ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་སྐུལ་འདེད་གཏོང་བའི་དམངས་ཆེན་གྱིས་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལི་ཅི་ཡིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གིས་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་མགོ་ཁྲིད་པའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། དམངས་ཆེན་ནི་ཏང་གིས་མགོ་ཁྲིད་པའི་ཆབ་སྲིད་ལས་ཁུངས་ཤིག་ཡིན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གིས་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ལེན་བྱས་ནས། ཏང་གི་རིགས་གཞུང་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དམངས་ཆེན་བྱ་བའི་ཁྲོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དང་ནུས་ལྡན་ལག་བསྟར་བྱེད་པ་ཁག་ཐེག་བྱེད་དགོས། རྒྱུན་མཐུད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་དང་རྒྱུན་ལྡན་གྱི་སྦྱོང་བྱ་རུ་བརྩིས་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་སྒྲུབ་པའི་ཆབ་སྲིད་ལངས་གནས་དང་རིགས་གཞུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས།

ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གིས་མི་དམངས་ལ་མགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ལོ་རྒྱུས་སྟེང་གི་རླབས་ཆེན་གསར་སྐྲུན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་བྱེ་བྲག་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲས་བྱས་ཏེ་བཙུགས་པའི་ཆབ་སྲིད་ལམ་ལུགས་གསར་བ་ཞིག་ཡིན་པས། ཚེ་སྲོག་གི་ནུས་ཤུགས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་ལྡན། རང་རྒྱལ་གྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལག་བསྟར་བྱས་པའི་ལོ་རྒྱུས་གཏན་ཚིགས་དང་རིགས་གཞུང་གཏན་ཚིགས། ལག་ལེན་གཏན་ཚིགས་བཅས་ལ་ངོས་འཛིན་གསལ་བོ་བྱས་ཏེ། ལམ་ལུགས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་རང་འགུལ་ནུས་པ་ཇེ་ཆེར་གཏོང་བ། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་མ་ཟད། བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པ་དང་བབ་བསྟུན་མདུན་སྐྱོད་སྒོས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལམ་ལུགས་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ནུས་ལྡན་སྒོས་བཀོལ་སྤྱོད་བྱེད་པ་ཁག་ཐེག་བྱེད་དགོས།

ཀྲའོ་ལི་ཅི་ཡིས་བསྟན་དོན། སྐབས་འདིའི་རྒྱལ་ཡོངས་དམངས་ཆེན་དང་དེ་མིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཁུར་ཡུན་ལོ་ལྔ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་གནད་འགག་དུས་སྐབས་སུ་གནས་ཡོད། དམངས་ཆེན་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་འཚོལ་ཞིབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་དམ་པོར་སྦྲེལ་ཏེ། ད་ལོའི་དམངས་ཆེན་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། སྐབས་འདིའི་ལོ་ལྔའི་བྱ་བར་འཆར་འགོད་དང་བཀོད་སྒྲིག་བྱེད་དགོས། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་སྡོམ་དང་རྒྱུན་འཛིན། འཐུས་ཚང་། མཐོར་འདེགས་བཅས་ཀྱི་རྩ་དོན་ལྟར། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་བ་དང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་ཞིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་སྔར་ལས་ཚན་རིག་དང་མཐུན་ཞིང་ཆ་ཚང་བ་དང་གཅིག་གྱུར་དབང་ཟིལ་ལྡན་པར་སྐུལ་འདེད་གཏོང་བ་དང་། ཡང་དག་པའི་ལྟ་སྐུལ་དང་ནུས་ལྡན་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བྱེད་པ་ལག་བསྟར་བྱེད་དགོས་ལ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། དམངས་ཆེན་བྱ་བའི་ཐད་ལ་རྣམ་པ་གསར་བ་ཧུར་ཐག་སྒོས་བསྐྲུན་དགོས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།