ལིས་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ཏེ་སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྲིག་བཀོད་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་སྒྲིག་སྲོལ(བཟོ་བཅོས་མ་ཡིག)》ལ་གྲོས་བསྡུར་བྱས། སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོན་ཡོངས་ནས་འགན་འཁྲི་སྒྲུབ་མགོ་བརྩམས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་རིང་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེར། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན། དམིགས་འབེན་རང་བཞིན་བཅས་ཆེན་པོ་ལྡན། སྐབས་གསར་པའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ཏེ། ལག་བསྟར་དོན་འཁྱོལ་ཐད་དམ་འཛིན་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན། གྲོས་ཚོགས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཐོག་མར་ཆབ་སྲིད་ཀྱི་ལས་ཁུངས་ཤིག་ཡིན་པའི་དབང་གིས། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་མ་ལག་ཚང་བའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་བཏང་སྟེ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་འགན་སོ་སོར་དམ་འཛིན་ཡག་པོ་བྱེད་དགོས། “མིག་མངས་འགྲིག་སྐོར་གཅིག”གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་དང་མཉམ་ཤུགས་ལས་སྒྲུབ་བྱས་ཏེ། མཐུན་སྦྱོར་དང་ལས་ཆོད་ཆེ་བའི་སྒོ་ནས་ལས་དོན་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི། 《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་དམིགས་བསལ་ལས་ཁུངས་དང་ཐད་གཏོགས་ལས་ཁུངས། དོན་གཅོད་ལས་ཁུངས། ཐད་གཏོགས་མི་དོན་ལས་ཁུངས། པུའུ་དང་ཨུ་ཡོན་ལྷན་ཁང་བཅས་ལ་དོ་དམ་བྱེད་མཁན་གྱི་རྒྱལ་ཁབ་ཅུའུ་འཛུགས་རྒྱུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ལས་ཁུངས་བཅོས་སྒྱུར་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ནན་མོ་བྱས་ནས། ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག རྩ་འཛུགས་ཞིབ་ཚགས། ལག་བསྟར་ཞིབ་མོ་བཅས་བྱས་ཏེ། ལས་ཁུངས་དང་འགན་འཁྲི། དཔུང་སྡེ་སོགས་དུས་ཐོག་ཏུ་ལེགས་སྒྲིག་གནད་ལ་འཁེལ་བ་ཡོང་བར་འགན་ལེན་བྱས་ནས། བཅོས་སྒྱུར་བྱེད་བཞིན་པའི་སྐབས་ཀྱི་ ལས་དོན་ཁག་ཚང་མ་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་དང་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་ཐུབ་པར་འགན་ལེན་བྱེད་དགོས། ད་ཐེངས་ཀྱི་ལས་ཁུངས་བཅོས་སྒྱུར་གོ་སྐབས་སུ་བརྩིས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས་ཏེ། སྲིད་གཞུང་གི་འགན་ནུས་ལ་སྔར་ལས་འགྱུར་ལྡོག་གཏོང་བ་དང་། བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། བྱ་བའི་འཇོན་ཐང་སྔར་ལས་ཆེ་རུ་གཏོང་བ། བྱ་བའི་སྤྱོད་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ཕན་འབྲས་ལྡན་པའི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་སྔར་ལས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་སྒྲིག་སྲོལ》ལ་གྲོས་བསྡུར་བྱས་ནས། བཟོ་བཅོས་མ་ཡིག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩིས་ནས། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་བླང་བྱ་གལ་ཆེན་དང་ཞིབ་བསྡུར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཆད་ལུས་མེད་པའི་སྒོ་ནས་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པའི་སྒོ་ནས་ཇུས་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་ལྟར་སྲིད་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གི་ལས་དོན་ཚད་ལྡན་ཅན་དང་གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་འབད་འབུངས་ཆེན་པོས་དོན་འཁྱོལ་བྱེད་པ། རང་རྟོགས་སྒོས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བཅས་བྱས་ནས། སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།