ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས། ཚོགས་ཆེན་གྱི་གྲོས་རིམ་ཁག་བདེ་ལེགས་ངང་ལེགས་འགྲུབ་བྱས་རྗེས་གནམ་གྲུར་བསྡད་ནས་ཕྱིར་ཟི་ལིང་དུ་ཐོན།
གྲོས་ཚོགས་ཀྱི་སྐབས་སུ། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་འཐུས་མིས་ཆབ་སྲིད་སྤྲོ་སྣང་དྲག་པོས་འགན་སྒྲུབ་ནན་མོ་བྱས་ཤིང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ལ། འགན་སྒྲུབ་རྣམ་པ་དང་བསམ་པའི་ཉམས་འགྱུར་ལེགས་པོ་མངོན་པར་བྱས་ཏེ། བསྡོམས་པས་གྲོས་གཞི་གཉིས་སྤྲད་པ་དང་གྲོས་འགོ་བརྒྱ་དང་བཅུ་བདུན་བཏོན།
འཐུས་མི་ལིའུ་ཞའོ་རུང་གིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་བརྒྱུད་དེ། ཕྱོགས་སོ་སོ་ནས་བློ་སྒོ་ཕྱེས་པ་མ་ཟད་མྱོང་བ་ཟབ་མོ་བྱུང་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་ལ། འབད་འབུངས་ཡར་བརྩོན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས་པར་ཡིད་ཆེས་ཡོད། ཕྱིར་ཕ་ཡུལ་དུ་ལོག་རྗེས་ངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་མི་དམངས་མང་ཚོགས་ཁྲོད་དུ་ཁྱབ་པར་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་བྱ་བའི་ལག་ལེན་དངོས་སུ་བསྒྱུར་ནས་ལས་དོན་ཁག་སོ་སོ་འབད་པ་ལྷོད་མེད་ཀྱིས་སྒྲུབ་རྒྱུ་ཡིན་ལ། མི་དམངས་མང་ཚོགས་ཀྱི་གཅེས་སྐྱོང་པ་བཟང་པོ་བྱེད་རྒྱུ་ཡིན་ཟེར།
འཐུས་མི་རིན་ཆེན་བཀྲ་ཤིས་ཀྱིས་བཤད་རྒྱུར། འདི་ནི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འཐབ་སེམས་ཆེ་རུ་བསྐྱེད་པའི་ཚོགས་ཆེན་ཞིག་རེད། ཐེངས་འདིར་པེ་ཅིང་དུ་བསྐྱོད་པ་ལས་ང་ལ་མྱོང་བ་ཟབ་མོ་ཞིག་དང་མཐོང་རྒྱ་གསར་བ་བསྐྱེད་སོང་། ཕྱིར་ཕ་ཡུལ་དུ་ཐོན་ན། ཚོགས་ཆེན་གྱི་དགོངས་དོན་ཧུར་ཐག་གིས་དྲིལ་སྒྲོག་ཡག་པོ་ཞིག་བྱེད་རྒྱུ་ཡིན། སྐྱོད་ལམ་གསར་བར་བསྐྱོད་མགོ་བརྩམས་པས། ང་ཚོས་ངེས་པར་དུ་ཡིད་ཆེས་ཇེ་བརྟན་དང་འབད་འཐབ་རྒྱུན་འཐུད་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། རི་བོ་གཉིས་ཀྱི་བསམ་བཀོད་ལག་བསྟར་བྱེད་པ་དང། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་པོ་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཁྱད་འཕགས་རྒྱུགས་ལན་ཞིག་འབད་པས་སྤྲོད་ངེས་ཡིན་ཟེར།
འཐུས་མི་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། ཕྱིར་བྱ་བའི་སྟེང་ལོག་རྗེས། སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་བཟང་པོ་བཅས་བྱེད་རྒྱུ་ཡིན་ལ། འཐུས་མིའི་འགན་འཁྲི་ཁག་ཁུར་བྱས་ནས་མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་ལ། དོན་དངོས་ལ་རྐང་བཙུགས་ནས་ལས་དོན་ཁག་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།