ཀྲའོ་ལི་ཅི་ཡིས་དམངས་ཆེན་གྲོས་ཚོགས་ཀྱི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་གནང་།
2023.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་དང་པོར་ཞུགས་པའི་གསར་འགྱུར་དྲིལ་སྒྲོག་བྱེད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་འགན་འཁུར་བློ་མཐུན་དང་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཡོངས་ལ་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་། ཁྲིམས་ལུགས་ཉིན་རེའི་ཚགས་པ་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་དེ་མིན་འཐབ་ཕྱོགས་དང་པོའི་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི་བྱ་འགུལ་ལ་ཞུགས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱེད་སྐབས། གསར་འགྱུར་ལས་ཁུངས་གཙོ་བོ་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་དང་སྣ་མང་ཞིང་རིམ་པ་མང་པོ་ནས་ཚོགས་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་བྱས་ཤིང་། རྩ་འཛུགས་ནུས་ལྡན་དང་དག་སྲུང་གསར་སྐྲུན་བྱས་པ་དང་། བརྗོད་སྙིང་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པར་མ་ཟད་ཡིད་ཆེས་བརྟན་ཞིང་མི་སེམས་སྐྱིད་པ་དང་། དམངས་སེམས་གཅིག་སྡུད་བྱས་པའི་སྣང་བརྙན་བཟང་བོ་གསར་སྐྲུན་བྱས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་གྱི་ཆབ་སྲིད་གྲུབ་འབྲས་གལ་ཆེན་ནི། བློ་མཐུན་ཞི་ཅིན་ཕིང་ལ་ཡང་བསྐྱར་འདེམས་ཤོག་ཚང་མ་ཐོབ་སྟེ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས་པ་དེ་ཡིན། ཀྲུང་དབྱང་གསར་འགྱུར་ལས་ཁུངས་གཙོ་བོས་བསྒྲགས་པའི་སྲོག་ཤིང་འབུར་ཐོན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་དང་བསམ་པ་གཅིག་ཏུ་སྒྲིལ་ཞིང་དམངས་ཆེན་འཐུས་མི་དང་མཉམ་དུ་རྒྱལ་དོན་མཉམ་གླེང་བྱས་པའི་གསོན་ཉམས་ལྡན་པའི་རྣམ་པ་གང་ལེགས་སྒོས་མངོན་པར་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་དང་གུས་བཀུར་གནང་བ་མངོན་པར་བྱས་ཡོད། གསར་འགྱུར་དྲིལ་སྒྲོག་བྱེད་སྐབས་ཏང་ཀྲུང་དབྱང་གི་དགོངས་དོན་ཡང་དག་པའི་སྒོ་ནས་འགྲེལ་ཀློག་བྱས་ཤིང་དྲང་ཕྱོགས་ཀྱི་ནུས་ཚད་རྒྱུད་སྤྲོད་གང་ལེགས་བྱས་པ་དང་། གནད་འཁེལ་རང་བཞིན་དང་འགུག་ནུས་ཇེ་ཆེར་བཏང་བ། ཡིད་རྟོན་རུང་བ་དང་གཅེས་སུ་འོས་བ། གུས་བར་བྱེད་པའི་ཀྲུང་གོའི་སྣང་བརྙན་མངོན་པར་བྱས་ཡོད།

ཀྲའོ་ལི་ཅི་ཡིས་གསར་འགྱུར་སྨྱན་བྱད་ཀྱིས་མུ་མཐུད་དུ་དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་བརྗོད་པ་དང་། ཀྲུང་གོའི་དམངས་ཆེན་གྱི་གཏམ་རྒྱུད་ལེགས་པར་བརྗོད་དགོས་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧོང་ཀྲུང་སོགས་བྱ་འགུལ་ལ་ཞུགས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།