ཟླ་གསུམ་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་གྱིས་འགུལ་སྐྱོད་སྤེལ་ཏེ་ཁེ་ལས་ལ་དྲོད་ཁོལ་སྐྱེལ་ཞེས་པའི་ཨུ་ཡོན་བྱ་འགུལ་ཉིན་མོ་དང་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་བྱ་འགུལ་ལ་ཞུགས།
ཨུ་ཡོན་རྣམས་ཏུང་ཁྲོན་ས་ཁུལ་གྱི་ཁེ་ལས་སུ་སོང་ནས་བཞུགས་མོལ་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཕྱོགས་སྟོན་གྲོས་ཞིབ་ལ་བཟོ་བཅོས་བྱ་རྒྱུའི་ཡིག་ཆ་སོགས་ལ་སློབ་སྦྱོང་དང་གོ་བ་བླངས་པ་མ་ཟད་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲང་ཞའོ་རོང་གིས་བསྟན་དོན། ཁེ་ལས་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གཙོ་ཤུགས་ཡིན་པ་དང་ ལས་ཞུགས་འཕར་སྣོན་དང་དམངས་ཚིས་ལེགས་སྒྱུར། ཁེ་ལས་གསར་གཏོད་ལ་སྐུལ་འདེད་བྱེད་པའི་ནུས་ཤུགས་གཙོ་བོ་ཡིན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་བ་དང་། མཐོ་གནས་སྐུལ་སྤེལ་དང་ཐབས་མང་མཉམ་སྤྱོད། གནད་འགག་དམ་འཛིན་བྱས་ཏེ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཡོད། ཏུང་ཁྲོན་ས་ཁུལ་གྱིས་རང་འགུལ་ངང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཤུགས་ཡོད་སྒོས་ལག་བསྟར་བྱེད་པ་དང་ཁེ་ལས་འཕེལ་རྒྱས་སུ་འགྲོ་བར་ཚོད་འཛིན་ཐེབས་པའི་དཀའ་ཁག་ལེགས་པར་སེལ་བ་དང་ཁེ་ལས་ཀྱི་གདེང་ཚོད་ཆེར་སྐྱེད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར། ཀྲང་ཞའོ་རོང་གིས་བསྟན་དོན། དར་ཆ་མཐོ་རུ་སྒྲེང་བ་དང་ཆབ་སྲིད་གླེང་བ་འགན་འཁྲི་ལག་བསྟར་བྱེད་པའི་འོས་འགན་དང་པོར་བརྩི་བ། སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་ངོ་བོ་དང་ཨུ་ཡོན་གྱི་ཆབ་སྲིད་ཐོབ་ཐང་། གྲོས་མོལ་གྱི་ཆབ་སྲིད་འགན་འཁྲི་ཡིད་ལ་དམ་དུ་འཛིན་པ། ཏང་གི་སྲིད་ཇུས་ལམ་ཕྱོགས་དང་ཇུས་ཆོད་བཀོད་སྒྲིག་སྲིད་གྲོས་ལས་འགན་ལག་བསྟར་བྱེད་པའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་རེ་བ་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་དཀྱིལ་སྙིང་ལ་དམ་དུ་དམིགས་པ་དང་། གཅིག་བསྡུས་སྒོས་སྐྱེ་ཁམས་རིག་གནས་ཀྱི་མཐོ་གནས་དང་ཐོན་ལས་གནས་བཞི་སོགས་བྱ་བ་གཙོ་བོར་རང་འགུལ་སྒོས་གྲོས་མོལ་ལ་ཞུགས་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ་བློ་འདོན་ཇུས་འབུལ་བྱེད་དགོས། འོས་འགན་ལག་བསྟར་བྱེད་པའི་ནུས་པ་བཞི་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་དང་འོས་འགན་ལག་བསྟར་དོ་དམ་ལེགས་སྒྱུར་བྱས་ཏེ་ཨུ་ཡོན་ལ་ཞབས་ཞུ་སྔར་ལས་བཟང་བོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བར་ཤུགས་འདོན་དགོས།
རིག་འཛིན་ཐར་གྱིས་བསྒྱུར།