མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར། ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་ཚན་གཙོ། མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ལོས་ཀང་གིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་ཁྲིད་དེ་མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་། ཁྲི་ཀ་རྫོང་བཅས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲོལ་ཡིག་ལག་བསྟར་བྱས་པར་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཁག་སྲིད་དོན་ཞབས་ཞུ་ཚོམས་ཆེན་དང་ཁེ་ལས། སྒེར་གཉེར་བཟོ་ཚོང་བཅས་སུ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་དང་ཡུལ་དངོས་རྟོག་དཔྱོད། སྙན་ཞུར་ཉན་པ། བཞུགས་མོལ་བརྗེ་རེས། ཡིག་ཆ་ཀློག་པ་སོགས་ཀྱི་རྣམ་པ་སྤྱད་དེ་དམངས་ཆེན་འཐུས་མི་དང་ཚོང་གཉེར་ཁོར་ཡུག་ལྟ་ཞིབ་པ། རིགས་མི་འདྲ་བའི་ཁྲོམ་རའི་གཙོ་གཞིའི་ཐད་ཀྱི་བསམ་ཚུལ་ལ་ཉན།
ལོས་ཀང་གིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། སྲོལ་ཡིག་གཉིས་ཀྱི་གཏན་ཁེལ་སྣ་ཚོགས་ལག་བསྟར་ནན་མོ་དང་ཁྲིམས་བཀོད་འགན་འཁྲི་དངོས་འབེབ་ནན་མོ་བྱེད་དགོས། ཁྲོམ་རའི་གཙོ་གཞིའི་འགག་རྩ་དང་དཀའ་གནད་ཐག་གཅོད་བྱེད་པར་ཤུགས་སྣོན་བྱས་ཏེ་སྲོལ་ཡིག་གཉིས་དངོས་འབབ་དང་ཕན་ནུས་ཐོན་པར་སྐུལ་འདེད་བྱེད་དགོས། ཁྲིམས་ལྟར་འགན་འཁྲི་སྒྲུབ་སྟེ་འགན་འཁྲིའི་འདུ་ཤེས་དང་དགོས་གལ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། བྱ་བའི་གནད་ས་འབུར་ཐོན་དང་འགན་འཁྲིའི་རྐྱེན་སྲོལ་འཐུས་ཚང་། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན། ཕྱོགས་མང་མཉམ་འབྲེལ་དང་ནུས་པ་ཆེ་བའི་རོགས་ལས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲོལ་ཡིག་གཉིས་སོགས་ཁྲིམས་སྲོལ་སྲིད་ཇུས་ཀྱི་དྲིལ་སྒྲོག་ནུས་པར་རྒྱུན་མཐུད་ངང་ཤུགས་སྣོན་བྱས་ཏེ་སྤྱི་ཚོགས་ཤེས་རྟོགས་ཀྱི་ཚད་མཐོ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་རྣམ་པ་སྟུག་པོ་གྲུབ་་པར་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཁག་ནན་ཏན་ངང་ལག་བསྟར་ཞིབ་མོ་བྱས་ཏེ་ཁྲོམ་རའི་གཙོ་གཞིའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་སྒུལ་ཤུགས་ཆེ་རུ་གཏོང་དགོས། སྲོལ་ཡིག་གཉིས་ཁྱོན་ཡོངས་དང་ནུས་ལྡན་སྒོས་ལག་བསྟར་བྱེད་པའི་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ཁྲིམས་སྐྱོང་ཅན་གྱི་ཚང་གཉེར་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།
རིག་འཛིན་ཐར་གྱིས་བསྒྱུར།