ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མགོ་ཁྲིད་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ། དེ་མིན་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་རྡོ་སྣུམ་རང་བྱུང་ཚད་ཡོད་ཀུང་ཟི་བཅས་ལ་མཇལ་བཅར་བྱས་ཏེ། བྱ་བ་ཡར་ཞུ་བྱས་པ་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ལ། མཉམ་ལས་ཟབ་སྤེལ་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐེ་ཧྥིན་དང་ཀྲུང་དབྱང་འཐབ་ཕྱོགས་པུའུ་ཡི་རྒྱུན་ལྡན་གྱི་བྱ་བར་དོ་དམ་བྱེད་པའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཞའོ་ཅང་། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་ཀོང་ཧྭ། འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ཝང་ཞང་ཞི། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཅན་ཧྭ། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཞིན་པོ་ཨན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་རྐང་གཉེར་དབུ་གཙོ་ཀྲའོ་ཧོན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་རྐང་གཉེར་དབུ་གཙོ་ཆན་ཝུན་ཧོས། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཏའེ་ཧུ་ལེང་། དེ་མིན་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྲོས་མོལ་ལ་ཞུགས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་བྱ་བར་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། དེང་སྐབས། མཚོ་སྔོན་གྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། རྒྱུན་མཐུད་སྒོས་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་དང་ཨུ་ཡོན། ཀྲུང་དབྱང་ཁེ་ལས་ཀྱིས་སྔོན་ཆད་དང་འདྲ་བར་མཚོ་སྔོན་ལ་སེམས་ཁུར་བྱས་ཏེ། སྲིད་ཇུས་དང་ལས་གཞི། འཇོན་མི། མ་དངུལ་སོགས་ཕྱོགས་སུ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། མཉམ་ལས་སྔར་ལས་རྒྱ་བསྐྱེད་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་ཐད་ལ་རོགས་འདེགས་བྱེད་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་གྱིས་རྒྱབ་སྐྱོར་བྱེད་རྒྱུའི་རེ་ཞུ་བྱས་པའི་དོན་དག་ལ་ལན་ལེགས་པོ་བཏབ། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་སུ་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁོངས་བདེ་འཇགས་གོ་གནས་གལ་ཆེན་ཟིན་ཡོད་པས། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་འཕེལ་རྒྱས་རེ་འདུན་ལ་བསམ་གཞིགས་ནན་མོ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།
དེའི་སྐབས་སུ། ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བར་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་པད་ཁོ། ཀྲུའུ་ཞང་ཧྥིན། ལིའུ་ཐའོ། ལིའུ་ཁྲའོ་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།