ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་སློབ་གསོའི་དག་ཐེར་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་སློབ་གསོའི་དག་ཐེར་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཝང་དབྱང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་སློབ་གསོའི་དག་ཐེར་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱེད་པ། རུས་གཏིང་དུ་ཟུག་པའི་གསར་བརྗེའི་རང་བཞིན་གྱི་བཟོ་སྐྲུན་དང་སེམས་ཁོང་དུ་འཐིམས་པའི་བློ་སྦྱོང་རང་རྟོགས་ཀྱིས་དང་ལེན་བྱེད་པ་བཅས་བྱས་ཏེ། དཔུང་ཁག་འཛུགས་སྐྲུན་ལེགས་པོ་དང་། འཛུགས་སྐྲུན་སྟོབས་དང་ལྡན་པ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་སེམས་བདེ་བ་དང་ཏང་ཀྲུང་དབྱང་སེམས་བདེ་བ། མི་དམངས་མང་ཚོགས་ཡིད་ཚུམ་པ་བཅས་སྒྲུབ་ཐུབ་པར་བྱེད་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། སློབ་གསོ་དག་ཐེར་སྤེལ་བ་ནི་མིག་སྔར་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་བློ་དཀར་པ་སྐྱེད་སྲིང་དང་སློབ་གསོར་ཤུགས་བསྣན་ནས་བསམ་བློར་གཙང་སྦྲ་བྱེད་པ། ཀུན་ལ་གནོད་པའི་རྩ་བ་གཙང་སེལ་བྱེད་པ། གཅོང་ནད་མེད་པར་བཟོ་བ། དོ་དམ་ནན་མོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་སྒྲིག་ཁྲིམས་དམ་པོས་འགན་འཁྲི་ཁུར་བར་བྱེད་པ། འཐབ་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ། ནུས་པ་མཐོར་འདེགས་བཏང་ནས་ཁག་ཁུར་བྱེད་ཕོད་པ་བཅས་ཀྱི་དམིགས་འབེན་ལས་འགན་བཞི་དམིགས་སུ་བཟུང་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་རང་སྟེང་གི་གནད་དོན་གཙང་ཕྱགས་ཐེངས་གཅིག་བྱེད་པ་སྟེ། བསམ་བློ་ཆབ་སྲིད་དང་སྒྲིག་ཁྲིམས་བྱེད་ཕྱོགས། དོ་དམ་ལྟ་སྐུལ། འགན་སྒྲུབ་ནུས་པ་སོགས་ཀྱི་ཕྱོགས་ནས་མཐོར་འདེགས་ཆེན་པོ་ཞིག་ཡོད་དགོས།

ཝང་དབྱང་གིས་སློབ་གསོ་དག་ཐེར་བྱ་བ་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་སྤེལ་བ་དང་། ཚད་མཐོའི་མཐོང་ཆེན་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན། བྱ་བའི་ལས་འགན་ལག་བསྟར། ཕན་འབྲས་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲུབ་འབྲས་མངོན་གསལ་ཞིག་ལོན་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།