ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་ནས། 《མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད》ཅེས་པ་ཁ་བྱང་དུ་བཟུང་ནས་བརྗོད་དོན་གསུང་བཤད་གནང་། ཁོང་གིས་དེང་རབས་ཅན་གྱི་གནད་དོན་རབ་དང་རིམ་པར་ཁ་གཏད་འཇལ་བར་ཅིས་ཀྱང་། དེང་རབས་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་སྲིད་ཏང་ལ་ལན་འདེབས་པའི་འགན་འཁྲི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་དབང་དེ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ལས་དབང་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་དང་། མིའི་རིགས་ཀྱིས་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རོགས་སྐྱོར་གསར་པ་མཁོ་འདོན་བྱེད་པ། མིའི་རིགས་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ལ་ཀྱག་ཀྱོག་ལྡན་པ་དང་། རྒྱལ་ཁབ་སོ་སོས་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་གོ་རིམ་ཁྲོད་དུ་དཀའ་ཚེགས་ཆེན་པོ་ཡོད། དེང་སྐབས་ཀྱི་འཛམ་གླིང་འདི་རུ་འགྲན་སློང་དང་ཉམས་ཉེན་མང་པོ་མཉམ་གནས་བྱས་ཡོད་ཅིང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་དཀའ་བ། འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་སྡུག་ཏུ་འགྲོ་བཞིན་པ། འཇམ་འཐབ་བསམ་བློ་ད་དུང་ཡལ་མེད་པ་བཅས་ཀྱི་དབང་གིས། མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་སླེབས་ཡོད། རྐྱེན་དེ་ལ་དམིགས་ཏེ་ཞི་ཅིན་ཕིང་གིས་འདོད་ཚུལ་ལྔ་བཏོན་པ་སྟེ། མི་དམངས་བླ་ན་མེད་པའི་འདུ་ཤེས་བརྟན་སྲུང་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པའི་མི་དམངས་ཀྱི་རང་བཞིན་འབུར་དུ་ཐོན་པར་བྱེད་དགོས། རང་བཙན་རང་བདག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་བགྲོད་ལམ་གྱི་སྣ་མང་རང་བཞིན་འཚོལ་ཞིབ་བྱེད་དགོས། གསར་གཏོད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། དེང་རབས་ཅན་གྱི་འཕེལ་རིམ་གྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། རང་བརྟེན་གཞན་ཕན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དེང་རབས་ཅན་གྱི་གྲུབ་འབྲས་ཀྱི་ཡོངས་ཁྱབ་རང་བཞིན་ཆེ་རུ་གཏོང་དགོས། འབད་འབུངས་ཡར་བརྩོན་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་མགོ་ཁྲིད་ཀྱི་བརྟན་པོའི་རང་བཞིན་ལ་འགན་ལེན་བྱེད་དགོས་ཞེས་གསུངས།
དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་བྱེད་ཀྱིན་པའི་ཕུགས་འདུན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་ལྷག་གི་རིང་ལ། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མི་རིགས་བསྐྱར་དར་དོན་གཉེར་བྱས་པའི་ལོ་རྒྱུས་དེ་ནི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ཤིག་ཀྱང་ཡིན། མི་རབས་དུ་མས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། གཞི་ནས་ང་ཚོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་རྨང་རྐང་དུ་བཟུང་ཡོད་པ་དང་། རྒྱལ་ཁབ་སོ་སོའི་ཉམས་མྱོང་དཔྱད་གཞིར་བཟུང་ཡོད་ལ། ལོ་རྒྱུས་རིག་གནས་རྒྱུན་འཛིན་ཀྱང་བྱས་ཡོད། དེ་མིན་ད་དུང་དེང་རབས་དཔལ་ཡོན་དང་མཉམ་འདྲེས་བྱས་ཡོད་པ་ལས་གཞན། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ནི། ང་ཚོས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་ཡིན་ལ། ཀྲུང་གོའི་མིའི་རིགས་ཡར་ཐོན་དང་འཛམ་གླིང་གི་གཅིག་གྱུར་ཆེན་མོ་དོན་གཉེར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན་ཞེས་བསྟན།
ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་མདུན་ལམ་དང་ལས་དབང་གཅིག་ཏུ་འབྲེལ་བའི་དེང་གི་དུས་འདིར། དཔལ་ཡོན་ཚང་མ་འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་གླེང་མོལ་བྱེད་པ། ཕན་ཚུན་དཀྱེལ་ཡངས་བཅས་བྱས་ཏེ། རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐབས་ལམ་དེས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་ཡོན་གྱི་མེ་ཏོག་ལྡུམ་རའི་ནང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བྱེད་ནུས་འདོན་ཐུབ། དེར་བརྟེན་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཏོན།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་ཏང་གི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་འབད་དེ། མཉམ་དུ་ལག་གདང་སྦྲེལ་ནས་གནམ་འོག་གི་བགྲོད་ལམ་ཆེན་མོའི་སྟེང་བསྐྱོད་རྒྱུ་ཡིན། རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་བར་འགྲོ་འོང་གཏིང་ཟབ་བྱས་ནས། འདུ་ཤེས་མཐུན་གནས་དང་ཁེ་ཕན་མཐུན་ཐབས་ཟམ་མི་ཆད་པར་རྒྱ་ཆེར་བསྐྱེད་དེ། སྲིད་ཏང་གི་འབྲེལ་བ་གསར་པ་བཙུགས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་སྲིད་ཏང་གི་རོགས་རེས་འབྲེལ་བ་ཇེ་བརྟན་དུ་བཏང་ནས། འཛམ་གླིང་གི་རོགས་རེས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ་ཏང་འཛུགས་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་འབད་པས་བསྐྱོད་དེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལམ་ཆེན་སྟེང་དུ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མཇུག་ཏུ་མིའི་རིགས་དེང་རབས་ཅན་གྱི་སྤྱི་ཚོགས་སྟེང་དུ་གོམ་ཁ་བསྒྱུར་བར་ཅིས་ཀྱང་དཀའ་ངལ་ཅི་རིགས་ལ་འཕྲད་སྲིད་མོད། དེའི་མདུན་ལམ་ནི་འོད་ཟེར་ལྡན་པ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ནས། རང་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལས་དོན་འཛམ་གླིང་དར་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཏུ་འགྱུར་བར་བྱས་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མདུན་སྐྱོད་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས།
ཨ་ཧྥེ་རི་ཁ་གླིང་ལྷོ་མའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི། ཙུང་ཐུང་ལཱ་མ་ཧྥུའུ་ས་དང་། སུའུ་ཏན་ལྷོ་མའི་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི། ཙུང་ཐུང་ཅི་ཨར། ནི་ཁ་ར་ཀྭ་སང་ཏིས་ནོ་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི། ཙུང་ཐུང་ཨོ་ཨར་ཐི་ཅཱ། ཝེ་ནེ་ཙུའེ་ལའི་སྤྱི་ཚོགས་རིང་ལུགས་གཅིག་གྱུར་ཏང་གི་ཀྲུའུ་ཞི། ཙུང་ཐུང་མཱ་ཏུའུ་ལའོ། སེར་ཝེ་ཡའི་མདུན་སྐྱོད་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཝུའུ་ཆིས་ཆིས། མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏིན། ཏུང་ཏིས་ཝུན་མི་དམངས་བཅིངས་འགྲོལ་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ལུའུ་ཝ་ཁི། ཕ་ཕུ་ཡ་ཞིན་ཀི་ནེ་ཡ་གསར་པའི་ཕན་ཀུའུ་ཏང་གི་གཙོ་འཛིན། སྲིད་གཞུང་གི་ཙུང་ལི་མཱ་ལ་ཕའེ། ཀི་ལིན་ན་ཏའི་མི་རིགས་དམངས་གཙོ་ཚོགས་ཆེན་ཏང་གི་གཙོ་འཛིན། སྲིད་གཞུང་གི་ཙུང་ལི་མིས་ཆེ་ཨར། ཨུ་རུ་སུའི་གཅིག་གྱུར་ཏང་ཆེས་མཐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལེ་ཚི་ལོ་ཧྥུའུ། ཧ་སག་སི་ཐན་གྱི་“ཨ་མ་ན་ཐི”ཏང་གི་ཀྲུའུ་ཞི་ཁི་ཧྲ་ནོ་ཧྥུའུ། ཏོ་ཀོ་སྤྱི་མཐུན་མནའ་འབྲེལ་གྱི་སྤྱི་ཁྱབ་སི་ཁུའུ། རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཚའེ་ཀང་སོགས་ཀྱིས་གླེང་མོལ་ཚོགས་འདུའི་སྟེང་དུ་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད། ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ལས་གཞན། དུས་རབས་གསར་པའི་ལོ་བཅུའི་རིང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་བསྔགས་བརྗོད་བྱས། དེ་ལས་གཞན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གསུང་བཤད་གནང་སྐབས་བཏོན་པའི་སྲིད་ཇུས་ཀྱི་འདོད་ཚུལ་དང་ལེན་གང་ལེགས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཡག་པོ་འདོན་འདོད་ཡོད་པའི་བསམ་པ་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གླེང་མོལ་ཚོགས་འདུར་ཞུགས་ནས་སྤྱི་སྡོམ་གཏམ་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་གསུང་བཤད་ཀྱིས། ཀྲུང་གོ་གུང་ཁྲན་ཏང་གི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་སྐོར་གྱི་ངོས་འཛིན་བརྒྱུད་རིམ་ཆ་ཚང་བའི་སྒོ་ནས་རྒྱས་བཤད་གནད་ཡོད་ཅིང་། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་སྲིད་ཏང་དང་མཉམ་དུ། རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བསམ་འདུན་བསྟན་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ཐུན་མོང་འགྲན་སློང་ལ་ཐད་ཀར་ཕྱོགས་པའི་ཆབ་སྲིད་ཀྱི་བློ་སྟོབས་དང་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཏེ། འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ། དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་དང་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲིད་ཏང་གི་འགན་འཁྲི་འཁུར་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བགྲོད་ལམ་སྟེང་དུ། ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་འདོད་ཡོད་ཅེས་བསྟན།
ཝང་དབྱི་དང་ཡུས་ལིས། ལིས་ཧྲུའུ་ལའེ། ཆིན་ཀང་སོགས་གླེང་མོལ་ཚོགས་འདུར་ཞུགས།
ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུས། དེང་རབས་ཅན་གྱི་བགྲོད་ལམ་དང་སྲིད་ཏང་གི་འགན་འཁྲི་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་ ནས་ཡོང་བའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣ་ལྔ་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།