ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
ཇུས་གཞི་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་དམིགས་འབེན་ནི་མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ཕན་འབྲས་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་འགན་ནུས་མ་ལག་བསྐྲུན་ཆེད་ཡིན། ཏང་ཀྲུང་དབྱང་གི་ལས་ཁུངས་དང་རྒྱལ་ཡོངས་དམངས་ཆེན་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ་དང་། ཀྲུང་དབྱང་དང་ས་གནས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་གཏོང་བ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མགོ་ཁྲིད་བྱ་རྒྱུ་དེ་སྒྲིག་གཞི་བཀོད་སྒྲིག་གི་སྟེང་ནས་སྔར་ལས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་གི་ཐད་ནས་སྔར་ལས་དགེ་མཚན་ལྡན་པ། སྒྲིག་སྲོལ་དང་ལམ་སྲོལ་གྱི་ཐད་ནས་སྔར་ལས་འཐུས་ཚང་ཡིན་པ། འཁོར་སྐྱོད་དོ་དམ་གྱི་ཐད་ནས་སྔར་ལས་ཕན་འབྲས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཏང་ཀྲུང་དབྱང་གི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་ནང་དོན་གཙོ་བོར་ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་འཛུགས་རྒྱུ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན་པའི་ཆ་ནས། ཏང་ཀྲུང་དབྱང་གི་ལས་ཁུངས་གྲས་སུ་འཇོག་དགོས། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་འཛུགས་རྒྱུ། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་རྒྱལ་ཁབ་འཕྲིན་བཅར་ཅུའུ་ལ་གཅིག་གྱུར་སྒོས་མགོ་ཁྲིད་བྱེད་རྒྱུ་དང་། རྒྱལ་ཁབ་འཕྲིན་བཅར་ཅུའུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་དོ་དམ་བྱེད་ཀྱིན་པའི་རྒྱལ་ཁབ་ཅུའུ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱས་པ། ཀྲུང་དབྱང་ཞང་ཀང་དང་ཨོ་མིན་གྱི་ལས་དོན་གཞུང་ལས་ཁང་འཛུགས་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨོ་མིན་གྱི་ལས་དོན་གཞུང་ལས་ཁང་གི་སྒོ་བྱང་སོར་འཇོག་བྱེད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་ལས་ཁང་ལོགས་སུ་བཙུགས་པར་སྒོ་བྱང་སོར་འཇོག་མི་བྱེད་པ་བཅས་ཚུད་ཡོད།
རྒྱལ་ཡོངས་དམངས་ཆེན་གྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་ནང་དོན་གཙོ་བོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཚུད་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུའི་ནང་གཙོ་བོར་ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་ནི་སྔར་བཞིན་ཚན་རིག་ལག་རྩལ་པུའུ་ཡིས་དོ་དམ་བྱ་རྒྱུ། ཚན་རིག་ལག་རྩལ་པུའུ་ཡིས་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་ཆེད་མཁས་པའི་ཅུའུ་ཡི་སྒོ་བྱང་སོར་འཇོག་མི་བྱེད་པ། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཙུགས་ནས་ཀྲུང་གོ་དངུལ་ཁང་ཉེན་ཚབས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད་པ། ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ། ས་གནས་སྲིད་གཞུང་གིས་བཙུགས་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཆེད་དོན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལ་དངུལ་རྩའི་ལས་དོན་ཅུའུ་དང་དངུལ་རྩའི་གཞུང་ལས་ཁང་སོགས་ཀྱི་སྒོ་བྱང་དངོས་སུ་བཀལ་མི་ཆོག་པ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བསྒྱུར་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་བཅོས་སྒྱུར་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། རྒྱལ་དབང་དངུལ་རྩའི་མ་རྩ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། དངུལ་རྩའི་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣ་གཅིག་གྱུར་གྱིས་ཚད་ལྡན་དུ་གཏོང་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་གཞི་གྲངས་ཅུའུ་འཛུགས་རྒྱུ། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འགན་འཁྲི་ལེགས་བཅོས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་པུའུ་ལ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ཅུའུ་ཡི་སྒོ་བྱང་སྣོན་འགེལ་བྱ་དགོས། ལོགས་སུ་བཙུགས་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ཅུའུ་སོར་འཇོག་མི་བྱེད་པ། ལ་ལོན་རྒན་པའི་ལས་ཀའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཤེས་བྱའི་ཐོན་དབང་གི་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཚུད་ཡོད།
རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ནང་དོན་གཙོ་བོར་རྒྱལ་ཡོངས་སྲིད་གྲོས་ཀྱི་རིགས་དང་ཁོངས་གཏོགས་ཀྱི་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རིགས་ཁོངས་ལ“ཁོར་ཡུག་ཐོན་ཁུངས་ལས་རིགས”སྔར་ལས་ཇེ་མང་དུ་གཏོང་བ། “ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ”དང་“ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས”ཀྱི་རིགས་ཁོངས་སྡེབ་སྒྲིག་བྱས་ནས། “ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ་དང་ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས”ཀྱི་རིགས་ཁོངས་འཛུགས་དགོས། “དམིགས་བསལ་གདན་འདྲེན་མི་སྣ”ཡི་རིགས་ཁོངས་ཨུ་ཡོན་གྱི་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་དགོས་པ་བཅས་ཚུད་ཡོད།
ལས་ཁུངས་ཀྱི་སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བའི་ནང་དོན་གཙོ་བོར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ཁུ་བསྡུ་བྱ་རྒྱུ་ཚུད་ཡོད་ཅིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་མི་སྣའི་སྒྲིག་ཁོངས་དེ་བརྒྱ་ཆའི་ལྔ་ཡི་བསྡུར་ཚད་ལྟར་ཁུ་བསྡུ་བྱ་རྒྱུ། ཕྱིར་བསྡུས་པའི་སྒྲིག་ཁོངས་དེ་གཙོ་བོ་གཙོ་གནད་ཁྱབ་ཁོངས་དང་གལ་ཆེའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྟེང་བཀོལ་རྒྱུ་རེད།
ཇུས་གཞི་ལས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། ཀྲུང་དབྱང་གི་བཅོས་སྒྱུར་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་རྩ་འཛུགས་ཀྱི་ལག་བསྟར་ལས་དོན་ལ་སྤྱི་འདོམས་བྱེད་དགོས། ས་གནས་ཀྱི་ལས་ཁུངས་བཅོས་སྒྱུར་བྱེད་པར་ཞིང་ཆེན་རིམ་པའི་ཏང་ཨུས་གཅིག་གྱུར་མགོ་ཁྲིད་བྱེད་རྒྱུ་དང་། བཅོས་སྒྱུར་གྱི་ཇུས་གཞི་ཏང་ཀྲུང་དབྱང་ལ་ཐོ་འགོད་སྙན་ཞུ་འབུལ་དགོས། ཀྲུང་དབྱང་རིམ་པས་བཅོས་སྒྱུར་ལས་འགན་དེ་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་སྔོན་ལ་ཡོངས་འགྲུབ་ཐུབ་པར་འབད་འབུངས་བྱེད་དགོས་ལ། ས་གནས་རིམ་པས་བཅོས་སྒྱུར་ལས་འགན་དེ་ཉིས་སྟོང་ཉེར་བཞི་ལོའི་ལོ་མཇུག་སྔོན་ལ་ཡོངས་འགྲུབ་ཐུབ་པར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།