ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་རྒྱལ་ཡོངས་ཡིག་ཚགས་ཅུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ཡིག་ཚགས་བྱ་བར་སྤྱི་བསྡོམས་བྱས་ལ། ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་རྒྱུད་མཐུད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། ཡིག་ཚགས་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ཚགས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་པ། ཡིག་ཚགས་བྱ་བ་དེ་ལས་རིམ་གལ་ཆེན་ཞིག་དང་གོ་གནས་གལ་ཆེན་ཞིག་ཏུ་བཞག་ནས། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཡིག་ཚགས་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། ཁག་ཁུར་ཡོད་པའི་དོན་དངོས་འགུལ་སྐྱོད་ཀྱིས་དཀྱིལ་སྙིང་ལ་ཞབས་འདེགས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ཚགས་བྱ་བའི་ཐད་ཀྱི་མཆན་བཀོད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མི་སེམས་སུ་སིམ་པར་བྱེད་པ་དང་། ཡིག་ཚགས་ཐོན་ཁུངས་འཛུགས་སྐྲུན་དང་སྲིད་སྐྱོང་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཡིག་ཚགས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། ཡིག་ཚགས་གྲངས་ཀ་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་དང་། ཡིག་ཚགས་སྡེ་ཁག་གི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཡིག་ཚགས་ལས་དོན་གྱི་འཕེལ་རྒྱས་འཆར་གཞིའི་གཙོ་གནད་ལས་འགན་ཁག་དངོས་འབེབས་བྱེད་པ་དམ་འཛིན་གང་ལེགས་བྱས་ཏེ། མི་འདང་ས་ཁ་གསབ་དང་ཉམ་ཞན་སར་ཤུགས་རྒྱག་པ། རྨང་གཞི་བརྟན་པོ་དང་སྤུས་ཚད་མཐོ་རུ་གཏོང་བ། བདེན་སྲུང་གསར་གཏོད་དང་། དངོས་སྒྲུབ་ནན་འཛིན། འབད་འབུངས་ཡར་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ནས། ཡིག་ཚགས་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་སྟེ། མཚོ་སྔོན་གྱི་ཡིག་ཚགས་ལས་དོན་དེང་རབས་ཅན་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་འབད་པས་འབྲི་དགོས་པའི་བླང་བྱ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།