བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་བསྐྲུན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ།
2023.03.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་དྲུག་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་བསྐྲུན་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ།

རྩོམ་ཡིག་ལས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་དམིགས་འབེན་གཏན་འཁེལ་བྱས་ནས། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཉིས་སྟོང་སོ་ལྔ་ལོར་སླེབས་དུས་ཞིང་ལས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཅིག་ཡིན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་ལ། ཞིང་ལས་སྟོབས་ལྡན་དུ་བཏང་བ་ཡིན་ན་གཞི་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མེད་ན་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཆ་ཚང་མེད། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ནི་ཁྱོན་ཡོངས་རང་བཞིན་ལྡན་པ་ཞིག་མིན། ངེས་པར་དུ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་དུ་འཇོག་དགོས་ཞེས་བསྟན།

རྩོམ་ཡིག་ལས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་དོན་ཆེན་ཞིག་ཡིན། འབྲུ་རིགས་ཀྱི་ཐོན་ནུས་ཆེ་རུ་གཏོང་རྒྱུ་ནི་སྔར་བཞིན་ལས་འགན་གཙོ་བོ་ཡིན་པ་དང་། ཆེས་འགག་རྩ་ནི་རྨོ་ཞིང་དང་ས་བོན་གྱི་གཙོ་གནད་གཉིས་ལ་དམ་འཛིན་བྱེད་རྒྱུ་དེ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་འབྲུ་རིགས་བདེ་འཇགས་ཡོང་བར་བྱེད་པའི་རྒྱལ་ཁབ་ཀྱི་དོན་ཆེན་ཕྲག་སྟེང་དུ་འཁུར་དགོས་ཞེས་བསྟན།

རྩོམ་ཡིག་ལས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པའི་ནང་དུ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན།“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། མི་ཤུགས་བཀོལ་གཏོང་དང་དངོས་ཤུགས་བཀོད་སྒྲིག ནོར་ཤུགས་འགན་ལེན་བཅས་ཚང་མ་གྲོང་གསེབ་དར་སྤེལ་གྱི་ཕྱོགས་སུ་བསྒྱུར་ཡོད།  སྤྱིའི་བླང་བྱ་ནི་སྔར་བཞིན་ཁྱོན་ཡོངས་ནས་ཐོན་ལས་དང་འཇོན་ཐང་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི“དར་སྤེལ་ལྔ”ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན།

རྩོམ་ཡིག་ལས་ཚན་རྩལ་དང་བཅོས་སྒྱུར་ལ་བརྟེན་ནས་རེས་སྐོར་གཉིས་ཀྱི་སྐུལ་འདེད་ལ་བརྟེན་ཏེ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་དགོས། འཛམ་གླིང་གི་ཞིང་ལས་ཚན་རྩལ་གྱི་མདུན་གྲལ་དུ་སླེབས་པར་དམ་དུ་དམིགས་ཏེ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་གང་མགྱོགས་ཡོང་བར་བྱེད་དགོས། ངེས་པར་དུ་ཞིང་པ་དང་ས་ཞིང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། རྒྱ་ཆེའི་ཞིང་པ་རྣམས་ལ་བཅོས་སྒྱུར་དངོས་ཀྱི་སྐབས་སུ་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་གྲོང་གསེབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཕྱི་ནང་གཉིས་ཀ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་རྩ་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་ཀྱིན་པའི་རང་ཉིད་རང་གིས་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་ཏང་གིས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་རྒྱུར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་མགོ་ཁྲིད་བྱེད་པའི་རྩ་དོན་ལ་གཡོ་འགུལ་མི་གཏོང་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། མགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ནི་འབད་བརྩོན་དང་ལས་སྒྲུབ། འབད་འཐབ་བཅས་བྱས་ནས་བྱུང་བ་ཞིག་ཡིན། ངར་སེམས་གཅིག་སྒྲིལ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།