ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཀིས་ཀྱིས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས། དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་དམངས་གཙོ་མཐུན་སྒྲིལ། དངོས་འཚོལ་ཡར་བརྩོན། སྲོལ་བཟང་སྤྱོད་གཙང་གི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། དོན་སྙིང་ཆེན་པོ་ལྡན་ལ་ཤུགས་རྐྱེན་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་སྐབས་སུ་སྤེལ་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་གཞི་རྩའི་སྲུང་བྱ་དང་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བའི་སྟེང་གཅིག་གྱུར་བྱས་ནས། གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཞིང་གི་སྲིད་གྲོས་ཁོངས་གཏོགས་ནས་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ད་ལོ་ནི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ལས་འགན་ལག་བསྟར་བྱེད་པའི་ཐོག་མའི་ལོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་བཅས་ལག་ལེན་དངོས་འབེབས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པར་དོན་སྙིང་གལ་ཆེན་ལྡན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་སྐུལ་འདེད་གཏོང་བ་དང་། ཏང་ཙུའུ་གྲོས་ཚོགས་ཀྱི་གྲོས་གཞི་དང་པོའི་ལམ་ལུགས་དང་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་སློབ་སྦྱོང་ལམ་ལུགས་མ་ལག་རྒྱུན་འཁྱོངས་བྱས་ནས། གོ་བ་ལོན་པ་དང་དངོས་འབེབས་བྱེད་པའི་ཐད་བརྩོན་པ་བསྐྱེད་དགོས།
བློ་བརྟན་འགྱུར་མེད་ཀྱིས་སྲིད་གྲོས་གྲོས་མོལ་དམངས་གཙོ་ལག་ལེན་ལ་སྐུལ་འདེད་བཏང་ཞིང་། སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་འགན་ནུས་གཏན་གནས་ལ་རྐང་བཙུགས་ཏེ། ཞིང་ཆེན་ཏང་ཨུས་ཆོག་མཆན་བཀོད་པའི་ལོ་ཧྲིལ་བོའི་གྲོས་མོལ་གླེང་གཞི་བཅུ་གཅིག་དང་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་བྱ་བ་གཙོ་བོའི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་ཐབས་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་དཔྱད་གཞི་འདོན་སྤྲོད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོར་སྐུལ་འདེད་བཏང་སྟེ། རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་ཁྱད་སྟོབས་དང་མི་དམངས་སྲིད་གྲོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་ཁག་སོ་སོའི་ཚོགས་ཁག་དང་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣར་འབྲེལ་གཏུག་ཞབས་ཞུ་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འདྲིལ་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་སྲིད་གྲོས་བྱ་བའི་ངོ་བོའི་ཕན་ནུས་མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་སྟེ། གསར་དུ་བཟོ་བཅོས་བྱས་པའི་སྲིད་གྲོས་སྒྲིག་ཡིག་ལག་ལེན་དངོས་འབེབས་བྱེད་པ་དང་། རྒྱུན་ཆད་མེད་པར་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ལས་རིམ་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། བསྟུད་མར་སྲིད་གྲོས་ཁོངས་གཏོགས་ཀྱི་སྤྱིའི་བྱེད་ནུས་མཐོར་འདེགས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་སྲིད་གྲོས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཟབ་ནན་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་བསྒྱུར་བྱས་ནས་རང་རྟོགས་ཀྱིས་སྲིད་གྲོས་ཀྱི་སྣང་བརྙན་བཟང་བོ་ཆགས་པར་བྱས་ནས་དེར་སྲུང་སྐྱོབ་བྱེད་དགོས།
ཚོགས་ཐོག་ནས་ཝང་ཞོན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་ཀྱི་མི་དོན་བྱ་བར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།