སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་སྐྱོད་ལམ་གསར་པའི་སྟེང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་མང་མཉམ་ལས་དང་ཁྱོན་ཡོངས་ཀྱི་དགོས་མཁོར་ཟུང་འབྲེལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། བློ་གཅིག་སེམས་གཅིག་བཅས་ཀྱི་སྒོ་ནས་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་སྐྱོད་ལམ་སྟེང་མཉམ་དུ་བསྐྱོད་རྒྱུ་ཡིན་ཞེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ཡིན་ལ། ལོ་རྒྱུས་ཀྱི་ངོས་ནས་བཤད་ན། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ལས་འགན་དེ་ང་ཚོ་མི་རབས་འདིའི་ཕྲག་སྟེང་དུ་བབས་ཡོད་ཅེས་གསུངས། ཚང་མས་སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་ཡིན་ན་གཞི་ནས་རྒྱལ་ཁབ་ལ་འབྱུང་འགྱུར་ཡོད་པ་དང་མི་རིགས་ལ་རེ་བ་ཡོད་ཅིང་། མི་དམངས་ལ་མདུན་ལམ་ཡོད་ཅེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པའི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་བའི་ལས་འགན་འདི་ལ་དམིགས་ཏེ“དགོས་ངེས་ལྔ་”དང“ངེས་པར་དུ་སྒྲུབ་དགོས་པ་གཅིག”གསལ་པོར་བཏོན་ཡོད། ཚང་མས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བརྗིད་ཉམས་ལྡན་པའི་དམིགས་འབེན་གྱིས་མི་སེམས་ལ་སྐུལ་མ་གཏོང་བཞིན་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་ལ་བློ་གཅིག་སེམས་གཅིག་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་མཉམ་ལས་བྱེད་པ་སོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་མཉམ་སྐྲུན་བྱེད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།