2023ལོའི་མཚོ་སྔོན་ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོ་དང་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱེད་པ། བསམ་ཕྱོགས་འདུ་ཤེས་དང་བྱེད་ཐབས་སུ་བསྒྱུར་བ། དཔལ་ཡོན་སྐྱེད་སྲིང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ། བྱ་བའི་ཐད་ནས་གསར་སྐྲུན་གྱི་འདུ་ཤེས་ཡོད་པ་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་འཛུགས་སྐྲུན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།
ཚོགས་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཐད་ནས་སྤུས་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དཔལ་ཡོན་གྱི་དར་སྲོལ་བཟང་བོ་སྐྱེད་སྲིང་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་མཐོན་པོར་བརྟེན་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ལག་བསྟར་བྱེད་དགོས། ལས་བགོ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་ལས་འགན་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་། འགན་སྒྲུབ་ཁག་ཁུར་བྱེད་པའི་ཁྲོད་ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་གཅིག་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།
ཚོགས་ཐོག་ནས་ཀྲུང་དབྱང་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་དང་རྒྱལ་ཡོངས་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། 2022ལོའི་བྱ་བའི་ལས་གཞི་གཙོ་བོའི་ལེགས་འགྲུབ་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། 2023ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བའི་གཙོ་གནད་དང2023ལོའི་ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་གཞི་གཙོ་བོའི་རྩིས་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་སྡེ་ཁག་གིས་བརྗེ་རེས་གཏམ་བཤད་སྤེལ།
རིན་ཆེན་མཚོས་བསྒྱུར།