ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ཏེ་སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་གྱི་ལས་བགོས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྲིག་འཛུགས་ཁྱབ་བསྒྲགས་བྱས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་སྒྲིག་སྲོལ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། སྲིད་གཞུང་བྱ་བར་བཀོད་སྒྲིག་བྱས། ལིས་ཆང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ་ལས་དོན་སྤེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིས་ཆང་གིས་སྐབས་འདིའི་སྲིད་གཞུང་གི་འགན་ཡུན་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། སྐབས་འདིའི་སྲིད་གཞུང་གི་ལས་དོན་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། ང་ཚོ་བློ་མཐུན་ཚང་མས་ལག་བསྟར་བྱེད་མཁན་དང་བྱ་སྤྱོད་སྤེལ་མཁན། དངོས་གཉེར་པ་བཅས་ཡག་པོ་བྱེད་རྒྱུ་དེ་ཡིན། ལག་བསྟར་བྱེད་མཁན་གྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་ཁྱོན་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས་པའི་དུས་མཚུངས་སུ། གསར་གཏོད་རང་བཞིན་གྱི་ལག་བསྟར་ནུས་པ་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་པར་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས། བསམ་སྦྱོར་སྤེལ་མཁན་གྱིས་བྱ་སྤྱོད་ལ་བརྟེན་ནས་ནས་སྐད་ཆ་བཤད་པ་དང་། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུ་བ། ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་བཅས་བྱེད་པར་ངེས་པར་དུ་ཐོག་ལྟར་རྒོད་ལ་རླུང་ལྟར་མྱུར་བའི་ཕན་འབྲས་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་སྲིད་བཀའ་གེགས་མེད་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་དགོས། དངོས་གཉེར་པས་བདེན་འཛིན་དངོས་གཉེར་དང་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ལས་ཀ་བྱེད་དགོས་པར་མ་ཟད། བཟང་ལས་དགེ་སྒྲུབ་ཀྱིས་ལས་དོན་ཚང་མ་ཡོངས་འགྲུབ་བྱས་ནས། ལོ་རྒྱུས་ཀྱི་ལག་ལེན་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་བྱས་རྗེས་འཇོག་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།
ལིས་ཆང་གིས་ཏང་ཀྲུང་དབྱང་གི་ད་ལོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་ནས། གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། མགོ་རྩོམ་ས་གསར་པའི་སྟེང་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལས་འགན་གཙོ་བོ་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། བརྟན་པོ་ཡོང་བར་བྱ་རྒྱུ་གཙོ་བོར་འཛིན་པ་དང་བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་པ། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་དམ་འཛིན་གང་ལེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཕྱོགས་གང་ཅིའི་ལས་དོན་གང་ལེགས་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་འདོད་ཀྱི་བསམ་པ་དང་བདེ་སྐྱིད་ཀྱི་བསམ་པ། བདེ་འཇགས་ཀྱི་བསམ་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།
ལིས་ཆང་གིས་སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། ཆབ་སྲིད་འཛུགས་སྐྲུན་གཙོ་བོར་བཟུང་ནས་བརྟག་དཔྱད་ཞིབ་འཇུག་གི་བྱེད་ཕྱོགས་དར་སྤེལ་གང་ལེགས་གཏོང་བ་དང་། སྒྲིག་གཞི་བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་ནན་ཏན་བྱེད་པ། ཁྲིམས་ལྟར་སྲིད་འཛིན་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་ལག་བསྟར་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། དམིགས་འབེན་ལས་འགན་ཚང་མ་ཡོངས་འགྲུབ་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྡེ་ཁག་སོ་སོའི་མགོ་ཁྲིད་བློ་མཐུན་གྱིས་ཀུན་གྱི་སྣེ་ཁྲིད་དེ་ཆབ་སྲིད་ལ་མཐོང་ཆེན་དང་སྒྲིག་ལམ་ནན་སྲུང་། རང་གཅུན་རང་སྡོམ། །སྒེར་དོན་མི་སྒྲུབ་པ། ལས་སྒྲུབ་ཧུར་ཐག འགན་ཁུར་ཕོད་པ་བཅས་བྱས་ནས། སྤྱོད་གཙང་གཞུང་དྲང་དང་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཡོངས་གྲོས་ཚོགས་སུ་ཞུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གཞན་པ་དང་ལས་ཁུངས་གཞན་པའི་འགན་འཁུར་པ་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།