ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཀུང་ཟིའི་རྐང་གཉེར་འགོ་གཙོ་ཅང་དབྱི་དང་སྤྱི་གཉེར་བ་ཡེ་ཞང་ཏུང་སོགས་དང་བཞུགས་མོལ་བྱས།
2023.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་རྣམ་གཉིས་དང་། ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་འགོ་གཙོ་ཅང་དབྱི་དང་སྤྱི་གཉེར་བ་ཡེ་ཞང་ཏུང་སོགས་ཀྱིས་ཟི་ལིང་ནས་བཞུགས་མོལ་བྱས་པར་མ་ཟད། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཀུང་ཟིས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གྲོས་མཐུན་བཀོད་པར་བདེན་དཔང་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཅང་དབྱི་དང་ཡེ་ཞང་ཏུང་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཀུང་ཟིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱིས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཐུན་མིན་གྱི་ཐོན་ཁུངས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། མྱུར་མོར་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་བཞིན་ཡོད་ལ། ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཀུང་ཟིས་འཛམ་གླིང་གི་རིམ་པ་དང་པོའི་ནུས་ཁུངས་ཁེ་ལས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སོ་སོས་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱིས་གཞི་རྒྱ་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཆེན་པོར་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་ད་ནུས་ཁུངས་ལྷད་མེད་ཐཱན་ཉུང་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ཐཱན་ཟུང་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཅང་དབྱི་ཡིས་ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཀུང་ཟིའི་ཐོན་སྐྱེད་ཚོང་གཉེར་དང་མཚོ་སྔོན་གྱི་བྱེད་སྒོའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་ཧྭ་ཏེན་གྱིས་རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་འདོད་ཡོད་པ་དང་། ཐེངས་འདིར་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གྲོས་མཐུན་བཀོད་པ་གོ་སྐབས་སུ་བྱས་ཏེ། ཤུགས་ཆེན་པོས་ཁེ་ལས་ཀྱི་མཚོ་སྔོན་གྱི་འཆར་འགོད་དངོས་འབེབས་བྱེད་པ་དང་། མཚོ་སྔོན་གྱི་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ནས། མཉམ་ལས་གཉིས་ཕན་མངོན་འགྱུར་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་དང་ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཝུའུ་ཅིན་ཁའེ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་བཞུགས་མོལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།