མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྒྱུ་ཆའི་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་ཚོགས་འདུ་བསྡུས།
2023.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་རྒྱུ་ཆའི་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་ཚོགས་འདུ་བསྡུས་ནས། མིག་སྔའི་ཞིང་ལས་རྒྱུ་ཆའི་ཐོན་སྐྱེད་དང་གསོག་འཇོག གཏོང་འདྲེན་བཅས་དང་དེ་བཞིན། རིན་གོང་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་ལས་གཞན། དུས་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “ཞིང་གསུམ”ལས་དོན་སྐོར་ལ་བཏོན་པའི་རྒྱས་བཤད་གལ་ཆེན་དང་། ཀྲུང་དབྱང་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་སྔོན་ཚུད་ནས་ཇུས་འགོད་བྱེད་པ། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་སྐྱེད་བཀོད་གཏོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། ཉོ་ཚོང་འགན་ལེན་ཞབས་ཞུར་ཤུགས་སྣོན་པ། ལུད་རྫས་སོགས་ཞིང་ལས་རྒྱུ་ཆའི་སྤུས་ཚད་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། དཔྱིད་ཀའི་རྨོན་འདེབས་ལས་དོན་གྱི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་པར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཞིང་ལས་རྒྱུ་ཆ་ནི་ཞིང་ལས་ཐོན་སྐྱེད་ལ་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། ས་གནས་དང་སྡེ་ཁག་སོ་སོས་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་མཐོ་ཚད་ནས་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པའི་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་ཁྲོམ་རའི་དགོས་མཁོ་དངོས་ནས་རྐང་ཚུགས་པར་བྱས་ཏེ། ཐོན་སྐྱེད་ཀྱི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ནས། ཐོན་རྫས་ཀྱི་སྤུས་ཚད་ལ་ཁག་ཐེག་བྱས་ཏེ། དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ལ་འགན་ལེན་ནུས་ལྡན་བྱེད་དགོས། ཉོ་ཚོང་གི་ཐབས་ལམ་གེགས་མེད་ཡོང་པར་བྱས་ནས། ཞང་དང་གྲོང་རྡལ། མཉམ་ལས་ཁང་བཅས་ཀྱི་ཉོ་ཚོང་དྲ་ཚིགས་སྔར་ལས་ཇེ་མང་དུ་གཏོང་བ་དང་། དྲ་ལམ་གྱི་ཐད་ཚོང་ ཁྱབ་བརྡལ་དུ་བཏང་ནས་འཁོར་རྒྱུག་ལྷུ་ཚིགས་སྔར་ལས་ཇེ་ཉུང་དུ་བཏང་སྟེ། ཐོན་སྐྱེད་ཀྱི་མ་རྩ་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་དམའ་རུ་གཏོང་དགོས། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ཁ་གསབ་དང་འབྲུ་རིགས་དངོས་སུ་འདེབས་མཁན་གྱི་ཞིང་པར་སྤྲོད་ཐེངས་གཅིག་གི་ཁ་གསབ་གང་མགྱོགས་ངང་སྤྲོད་པ། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་པས་འབྲུ་རིགས་གང་མང་འདེབས་པར་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་དགོས། ཞིང་ལས་རྒྱུ་ཆ་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་རྩ་འཛུགས་ཞིབ་ཚགས་བྱས་ནས། དྲ་སྦྲེལ་རྣམ་པར་བརྟེན་ནས་སྤུས་ཚད་བདེ་འཇགས་ཀྱི་འགལ་རྐྱེན་ཅི་རིགས་ལ་གཙང་བཤེར་བྱེད་རྒྱུ་དང་། ཞིང་ལས་རྒྱུ་ཆའི་དངོས་གོང་ཧམ་སྤར་དང་སྡེབ་གསོག དངོས་ཟོག་རྫུན་བཟོ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། འབྲུ་རིགས་འདེབས་མཁན་གྱི་ཁེ་ཕན་ལ་འགན་ལེན་ཏན་ཏིག་བྱེད་དགོས། སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས། གཙོ་གནད་ས་ཁོངས་ཀྱི་གཙོ་གནད་གོ་གནས་འབུར་དུ་ཐོན་པར་བྱས་ནས། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་སྐྱེད་མཁོ་སྤྲོད་ཁྲོད་གནས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།