2023ལོའི་ཞིང་ཆེན་དང་པུའུ་གཉིས་ཀྱིས་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།
2023.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་བརྙན་རིས་ཀྱི་ལམ་ནས2023ལོའི་ཞིང་ཆེན་དང་པུའུ་གཉིས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། བྱ་བའི་ཉམས་མྱོང་བརྗེ་རེས་བྱས་ལ། 2023ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཡིའུ་ཞང་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། 2021ལོར་ཞིང་ཆེན་དང་པུའུ་གཉིས་ཀྱིས་ཕྱིར་གཏོང་ས་མཉམ་འཛུགས་བྱེད་པའི་བྱ་བ་སྤེལ་བའི་ཚུན་དུ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་ཞིང་ལས་ཞིང་སྡེ་པུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག མཉམ་འཛུགས་རྐྱེན་སྲོལ་སྔར་ལས་སྟོབས་ལྡན་དུ་གྱུར་བ་དང་། མཉམ་འཛུགས་བསམ་ཕྱོགས་ཇེ་གསལ་ནས་ཇེ་གསལ་དུ་སོང་ལ། མཉམ་འཛུགས་ཀྱི་གྲུབ་འབྲས་ཇེ་བཟང་ནས་ཇེ་བཟང་དུ་སོང་སྟེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། དཀའ་སྤྱད་འབད་འཐབ་དང་དོན་འཁྱོལ་ལྷོད་མེད་བྱེད་པ། ཕྱིར་གཏོང་ས་འཛུགས་སྐྲུན་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་དེང་རབས་ཅན་གྱི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས། འཆར་འགོད་ལག་བསྟར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་ལོ་ལྔའི་ཆེད་དོན་འཆར་གཞི་དང་པུའུ་དང་ཞིང་ཆེན་གྱི་འགུལ་སྐྱོད་ཇུས་གཞིས་གཏན་ཁེལ་བྱས་པའི་མ་ལག་བདུན་གྱི་འདེགས་སྐྱོར་རང་བཞིན་གྱི་ལས་འགན་ཉེར་ལྔར་དམིགས་པ་དང་། སྤུས་འདེགས་གྲངས་ཀ་གཏན་འཇགས། ཁ་གསབ། ཕྱིར་གཏོང་ཚད་རྒྱ་སྐྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་ལྟར། འབྲེལ་ཡོད་ཆ་སྡེབས་རང་བཞིན་གྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་དགོས། ལྗང་མདོག་གིས་སྣེ་ཁྲིད་བྱེད་པའི་ཐད་ནས་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཐོན་སའི་ཁོར་ཡུག་གཙང་དག་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་འགན་སྲུང་བྱེད་པ། དེང་རབས་ཞིང་ལས་ཀྱི་ཐོན་ལས་མུ་འབྲེལ་ཚད་ལྡན་ཅན་གྱི་རྟེན་གཞི་དང་ལྗང་མདོག་སྐྱེ་ལྡན་རྒྱུ་ཆས་ཐོན་སྐྱེད་རྟེན་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་གཏོང་ནུས་པ་མཐོར་འདེགས་གཏོང་དགོས། ཐོན་ལས་མཉམ་བསྲེས་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཐོན་ལས་གཙོ་བོ་གཙིགས་སུ་འཛིན་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། གནས་ཐིག་ངོས་གསུམ་མཉམ་འབྲེལ་བྱས་ནས་སྤེལ་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་གྲུབ་པར་བྱེད་དགོས། མ་ལག་འཐུས་ཚང་དུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཚོང་རའི་གཙོ་གཞི་རྒྱུན་མཐུད་ངང་སྐྱེད་སྲིང་བྱེད་པ། ཁྱིམ་ཚང་གི་ཞིང་ཕྱུགས་ར་འཕེལ་རྒྱས་སུ་གཏོང་བ་དང་། རོག་འབྲོག་དམངས་མཉམ་ལས་ཁང་གདངས་འདེགས་རིམ་སྤོར་བྱེད་པ། སྣེ་ཁྲིད་ཁེ་ལས་སྟོབས་ལྡན་དུ་བསྒྱུར་བ། མཁོ་འཚོང་མཉམ་ལས་ཁང་སྐྱེད་སྲིང་བྱེད་པ། ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། དག་གཙང་མཚོ་སྔོན་དང་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ཀྱི་ཁུལ་ཁུངས་སྤྱི་སྤྱོད་ཐོན་རྫས་འཛུགས་སྐྲུན་བྱེད་དགོས། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཞིབ་དཔྱད་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ། དངུལ་གཏོང་རྐྱེན་སྲོལ་ལག་བསྟར་བྱེད་པ། ས་ཞིང་བེད་སྤྱོད་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པ། ཤེས་ལྡན་མི་སྣའི་འགན་སྲུང་རྐྱེན་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་རོང་འབྲོག་ཁུལ་དུ་ལས་སྐྲུན་བྱེད་དུ་ཡོང་བར་ནང་འགུག་བྱེད་དགོས།

མཱ་ཡིའུ་ཞང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔ་གཞུག་ཏུ་ཐེངས་གཉིས་ལ་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཡིན་ལ། དམངས་ཚིས་བཟོ་སྐྲུན་ཡང་ཡིན་པས། ཞིང་ཆེན་དང་པུའུ་གཉིས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་དུ། ཞིང་ཆེན་དང་པུའུ་གཉིས་ཀྱིས་མཉམ་དུ་ཇུས་གཞི་བཀོད་དི་མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་། སྟེགས་བུ་བཙུགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ལ། མཉམ་དུ་རྐྱེན་སྲོལ་བཙུགས་ནས་ལག་བསྟར་དམ་འཛིན་བྱས་པས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ད་ལོར་གཙོ་བོར་ས་ཁུལ་བཞི་འཛུགས་སྐྲུན་བྱེད་པ་གཙིགས་སུ་འཛིན་དགོས། རྒྱུ་སྤུས་བཟང་བའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་དགེ་མཚན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། རྒྱུ་སྤུས་ཇེ་མཐོར་་གཏོང་རྒྱུ་དེ་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོར་བརྩིས་ནས། མཚོ་སྔོན་རྟགས་ཅན་གྱི་ཞིང་ལས་ཐོན་རྫས་རིན་ཐང་ཇེ་མཐོར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ས་ཁོངས་ཧྲིལ་བོའི་ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྩྭ་ས་མུའུ་དུང་ཕྱུར་ལྔ་དང་ཞིང་ས་མུའུ་ས་ཡ་བརྒྱད་ཀྱི་སྐྱེ་ཁམས་འཁོར་རྒྱུག་ཐད་ཀྱི་རྩོམ་ཡིག་བཟང་བོར་འབྲི་དགོས། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འདུ་རུབ་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་ཁོར་ཡུག་གི་འདེགས་ཁུར་ནུས་པར་རྐང་འཛུགས་པ། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཐན་ལས་དེ་དགེ་མཚན་ཁུལ་ཁོངས་སུ་གཅིག་བསྡུ་བྱེད་ཁར་སྣེ་ཁྲིད་བྱས་ནས། ཐོན་སྐྱེད་དང་ལས་སྣོན། ཉོ་འཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱིར་གཏོང་ནུས་པ་རིམ་སྤོར་རྒྱ་སྐྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་ཐོན་རྫས་བཟང་བོ་འཛད་སྤྱོད་པའི་ཁ་ནང་གི་དྲི་ཞིམ་ཟས་སུ་བསྒྱུར་བ། ཕྱིར་གཏོང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་གནམ་སྔོ་ཞིང་ཆུ་དྭངས་པ། རྩྭ་སྔོ་ལྗང་ཡིན་པའི་མཛེས་སྡུག་གི་སྐྱེ་ཁམས་ཁྱིམ་ར་དང་ཞིང་ལས་སྟོབས་ལྡན་དང་ཞིང་བ་ཕྱུག་པ། ཞིང་སྡེ་མཛེས་པའི་གྲོང་གསེབ་དར་སྤེལ་གྱི་པར་གཞི་རུ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ཏུ། འབྲེལ་ཡོད་ས་ཁུལ་དང་ཁེ་ལས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

རིན་ཆེན་མཚོས་བསྒྱུར།