2023ལོའི་དུས་ཚིགས་དང་པོའི་མཚོ་སྔོན་གྱི་མི་བཟང་པོའི་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།
2023.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི2023ལོའི་དུས་ཚིགས་དང་པོའི་མཚོ་སྔོན་གྱི་མི་བཟང་པོའི་མིང་ཐོ་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་ཟི་ལིང་དུ་བསྡུས། གཞན་ཕན་རོགས་སྐྱོར་དང་བདེན་མཐོང་དཔའ་སྐྱེད། ཁ་དན་ཚིག་གནས། ལས་བཀུར་ལས་བརྩོན་དང་རྒན་བཀུར་གཉེན་གཅེས་སོགས་རིགས་ཆེན་པོ་ལྔའི་ཐད་ཀྱི་མི་བཅུ་གཉིས་མཚོ་སྔོན་གྱི་མི་བཟང་པོའི་མིང་ཐོ་ཁྲོད་ཚུད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་མཛད་སྒོར་ཞུགས།

སྒྲོག་སྤེལ་བྱ་འགུལ་གྱིས་བརྙན་ཐུང་གཏོང་བ་དང་བརྗེ་རེས་གླེང་མོལ་བྱེད་པ། བྱ་དགའ་སྟེར་བའི་ཤིས་ཚིག་སྒྲོག་འདོན་བྱེད་པ། རིག་རྩལ་འཁྲབ་སྟོན། མི་བཟང་པོའི་འཐུས་ཚབ་ཀྱིས་གྲོས་འགོ་འདོན་པ་སོགས་ཀྱི་རྣམ་པ་སྣ་མང་བརྒྱུད་དེ་སྤེལ་བ་དང་། ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་གྱི་མི་བཟང་པོའི་ཁྲོད། གཞན་ཕན་རོགས་སྐྱོར་གྱི་མི་བཟང་པོ་ནི་དབུལ་ཕོངས་སྡེ་བའི་སྣེ་ཁྲིད་དེ་དབུལ་ཐར་བྱས་པའི་ཧྲུའུ་ཅི་དང་པོ་ལིས་ཡུས་ལན་དང་། བརྩེ་བ་ལྡན་པའི་ཨ་མ་སུན་ཞོན། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱས་པའི་འབྲོག་པ་ཏང་ཡོན་བཀྲ་རྒྱལ་གསུམ་ཡིན་པ་དང་། བདེན་མཐོང་དཔའ་སྐྱེད་ཀྱི་མི་བཟང་པོ་ནི་ཐེངས་མང་པོར་མང་ཚོགས་ཀྱི་སྲོག་བསྐྱབས་པའི་མེ་གསོད་པ་པ་ཚེ་ལོ་དང་། ཁ་དན་ཚིག་གནས་ཀྱི་མི་བཟང་པོ་ནི་སྨྱུ་གུ་ལ་བརྟེན་ནས་སྲིད་ཇུས་བཟང་བོ་དྲིལ་སྒྲོག་བྱེད་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཀྲའོ་ཅིག་ལེན་སོགས་ཡོད།

བྱ་འགུལ་ཡུལ་དངོས་སུ། མཚོ་སྔོན་མི་བཟང་པོ་རེ་རེའི་སྔོན་ཐོན་བྱས་རྗེས་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱིས་ཡུལ་དངོས་ཀྱི་མི་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་དང་། མཛད་སྒོའི་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས་ཡོད། ཚང་མས། སྔོན་ཐོན་མིག་དཔེ་ལ་དཔེ་ལྟ་བྱེད་པ་དང་། མིག་དཔེ་ལ་སློབ་སྦྱོང་བྱེད་པ། ལས་གཉེར་ལས་སྐྲུན་གྱི་ངར་སེམས་ཆེར་སྐྱེད་དེ། ཀུན་སྤྱོད་བཟང་བོ་འཛུགས་པ་དང་དགེ་བ་སྒྲུབ་པ་དང་མི་བཟང་བོར་སློབ་སྦྱོང་བྱེད་པའི་སྲོལ་བཟང་བོ་མཚོ་སྔོན་དུ་དར་བར་བྱེད་དགོས་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།