ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་སྐོར་གྱི་བྱ་བའི་ཇུས་གཞི་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་སྐོར་གྱི་བྱ་བའི་ཇུས་གཞི་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

ཇུས་གཞི་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་རྒྱུ་དེ་ཏང་ཡོངས་སུ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་་མགོ་ཡག་པོ་ཞིག་རྩོམ་དགོས་ཞེས་བསྟན།

ཇུས་གཞི་ལས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནད་དོན་ལ་ཐད་ཀར་དམིགས་པ། གནད་དོན་ལ་འདོར་ལེན་ཆེན་པོ་དང་དཀའ་གནད་ལ་གྲལ་བཤེར་ཆེན་པོ་བཅས་བྱས་ནས། ལག་བསྟར་དོན་འཁྱོལ་བྱེད་ཀྱིན་པའི་སྐབས་སུ་གནད་འགག་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་དགོས། ཏང་ཨུ་དང་ཏང་ཙུའུ་ཡི་རིམ་པ་སོ་སོས་རང་སྟེང་གི་འགན་ནུས་དང་འགན་འཁྲི་གཞིར་བཟུང་སྟེ། ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་དང་། རྙོག་འཛིང་ཆེ་བའི་དཀའ་གནད་ཐག་གཅོད་པའི་ཐབས་ཇུས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག དུས་རབས་གསར་པ་དང་གནས་ཚུལ་གསར་པའི་རྒྱང་ལྟའི་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག བྱ་བའི་ལས་གཞི་གལ་ཆེན་གྱི་རྩད་གཅོད་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག དཔེ་མཚོན་གྱོད་དཔེའི་གཤགས་བཅོས་རྣམ་པའི་བརྟག་དཔྱད་ཞིབ་འཇུག དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལྟ་ཞིབ་རྣམ་པའི་བརྟག་དཔྱད་ཞིབ་འཇུག་བཅས་ལ་དམ་པོར་དམིགས་ཏེ་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་། གནད་འགག་ལ་ཐད་ཀར་གདོང་གཏོད་པ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་གཏན་འཁེལ་བྱེད་དགོས། རྟོག་ཞིབ་ཀྱི་ནང་དོན་ཁྲོད་དུ་གཙོ་བོ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་དང་སྡེ་ཁག ཁྱབ་ཁོངས་དེ་རང་བཅས་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེའི་དགོངས་དོན་གྱི་གནས་ཚུལ་གཙོ་བོ་དང་གཙོ་གནད་གནད་དོན་སོགས་ཕྱོགས་བཅུ་གཉིས་ཚུད་ཡོད་ཅེས་ནན་གྱིས་བསྟན།

འཆར་གཞི་ལས་ད་དུང་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་སྐོར་གྱི་ཐབས་ལམ་དང་གོ་རིམ་སོགས་ཀྱི་ཐད་ལ་བླང་བྱ་ཞིབ་ཕྲ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།