ཞིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ་རྒྱལ་དོན་འཚམས་འདྲི་ཕེབས་ལ་ཉེ་བའི་སྐབས་སུ། ཨུ་རུ་སིའི་ཚགས་པར་དང་ཨུ་རུ་སིའི་གསར་འགྱུར་ཁང་གི་དྲ་ཚིགས་སྟེང་དུ། ངར་སེམས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཀྲུང་ཨུའི་མཛའ་མཐུན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་པ་ཁ་བྱང་དུ་བཟུང་ནས་མཚན་བཀོད་རྩོམ་ཡིག་སྤེལ།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ལོ་རྒྱུས་ཀྱི་གཏན་ཚིགས་གསལ་པོ་དང་ནང་གནས་ཀྱི་སྒུལ་ཤུགས་ཆེན་པོ་ཡོད། ལོ་བཅུའི་རིང་ལ། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ནས། གོམ་སྟབས་ཆེན་པོས་དུས་རབས་གསར་པར་བསྐྱོད་ཡོད། མཐོ་རིམ་འགྲོ་འོང་གི་ངོས་ཐད་ནས་འཐབ་ཇུས་ཀྱི་ཁྲིད་སྟོན་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཡི་རྣམ་པ་གསར་པ་བསྐྲུན་ཡོད། ཕྱོགས་གཉིས་ཀའི་བར་དུ་ཁྱོན་ཡོངས་དང་རིམ་པ་མང་བའི་མཉམ་ལས་ཀྱི་རྣམ་པ་ཞིག་གྲུབ་པར་བྱས་ཡོད་ལ། ཕྱོགས་གཉིས་ཀས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འདུ་ཤེས་ལག་བསྟར་བྱས་པར་བརྟེན། སྲོལ་རྒྱུན་གྱི་མཛའ་མཐུན་ལོ་རྒྱུས་རྒྱུན་རིང་ལ་བརྟན་པོ་ཡིན། ཕྱོགས་གཉིས་ཀས་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཡོད།
རྩོམ་ཡིག་ལས་བསྟན་དོན། ཀྲུང་ཨུ་ཕྱོགས་གཉིས་ཀས་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀས་རང་སོ་སོ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་བྱ་གཞག་ལ་དམ་པོར་དམིགས་ཏེ། བསམ་ཕྱོགས་གསར་པ་བསྐྲུན་པ་དང་གོ་སྐབས་གསར་པ་བསྐྲུན་པ། སྒུལ་ཤུགས་གསར་པ་སྣོན་པ་བཅས་བྱེད་དགོས། དེ་མིན་ད་དུང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ན་ནིང་ནས་བཟུང་ཝུའུ་ཁི་ལན་གྱི་གནད་དོན་ཁྱོན་ཡོངས་ནས་ཚབས་ཇེ་ཆེར་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་བ་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་ལ་དམ་པོར་དམིགས་ནས། ལུགས་མཐུན་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་སོ་སོའི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་བརྩི་འཇོག་ཞུ་དགོས་པ། ཝུའུ་ཁུ་ལན་གྱི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས་པ་སོགས་ཀྱི་འདོད་ཚུལ་མང་པོ་བཏོན་ཡོད་ཅིང་། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཞིག་ཏུ་གྱུར་ཡོད། ཕྱོགས་སོ་སོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འདྲ་མཉམ་དང་དཔྱོད་ཤེས། དངོས་གཉེར་བཅས་ཀྱི་སྐད་ཆ་བཤད་རེས་དང་གྲོས་མོལ་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་ཡིན་ན། གཞི་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་ལུགས་མཐུན་གྱི་ཐབས་ལམ་རྙེད་ཐུབ་པ་དང་། འཛམ་གླིང་ཞི་བདེ་ཡུན་བརྟན་དང་འོད་ཟེར་སྟོང་ལྡན་གྱི་བདེ་འཇགས་ལམ་ཆེན་སྟེང་བསྐྱོད་ཐུབ་པར་ང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།