ལིའུ་ཐའོ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་སྐབས་ཀྱི་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2023.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན།    ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གྱི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་སྐབས་ཀྱི་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས།   རྒྱལ་ཡོངས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དང་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་ངང་དག་ཐེར་བཅོས་སྐྱོང་བྱེད་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བཟང་བོ་བྱེད་པ།    དོ་དམ་འཁོར་སྐྱོད་སྒྲིག་གཞིའི་ནང་རྐྱེན་སྔར་ལས་ལེགས་སྒྲིག་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཞེས་བསྟན།

ལིའུ་ཐའོ་སོགས་སྔ་གཞུག་ཏུ་གུང་ཧོ་རྫོང་དང་མདའ་བཞི་རྫོང་།  རྐང་ཚ་རྫོང་བཅས་ཀྱིས་གསར་དུ་བཙུགས་པའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའུ་རུ་སོང་ནས་གཞུང་སྒྲུབ་ལས་ཡུལ་དོན་འཁྱོལ་དང་སྡེ་ཁག་གི་མི་སྣ་གནད་འཁེལ།  ཁྲིམས་འཛུགས་སྒྲིག་ཆས་བཀོད་སྒྲིག་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས།   ཁོས་བསྟན་དོན།    མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་སྐབས་ཀྱི་དོ་དམ་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བདེ་བླག་ངང་གསར་འཛུགས་བྱེད་པའི་སྔོན་འགྲོ་གལ་ཆེན་ཞིག་ཡིན་པས།   འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།   མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ།  འབྲེལ་འདྲེས་དམ་ཟབ་བྱེད་པ།  བཅོས་སྒྱུར་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཐད་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ།   བཅོས་སྒྱུར་ཇུས་གཞིའི་བླང་བྱར་དམ་པོར་དམིགས་པ།  འབྲེལ་ཡོད་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ།   ནུས་ཡོད་དང་གོ་རིམ་ལྡན་པའི་འཁོར་སྐྱོད་སྒྲིག་གཞི་འཛུགས་སྐྲུན་བྱེད་དགོས།   གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་པ།   བྱ་བའི་བྱེད་ཐབས་ལ་རྒྱུས་ལོན་བྱེད་པ།   འགན་འཁྲིའི་ངེས་གནས་གཏན་འབེབས་གསལ་བོ་བྱེད་པ།    ཁྲིམས་འཛིན་དོན་ཚན་ཚད་ལྡན་དུ་གཏོང་བ་སོགས་བྱས་ཏེ་ཁྲིམས་འཛིན་ཆུ་ཚད་ཇེ་མཐོར་གཏོང་དགོས།  མིག་སྔར་གྱི་ཕྱི་བཅོས་དང་ཡུན་རིང་གི་རྩ་བཅོས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་ནན་མོར་གཏོང་བ།  ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།   མཉམ་སྒུལ་རྐྱེན་སྲོལ་འཛུགས་པ།   འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལས་འགན་ཡོངས་འགྲུབ་བྱེད་དགོས།

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།