ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཞིང་ཆེན་སློབ་གསོ་ཐིན་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ཆུའུ་རུ་སོང་ནས་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ལ་ཆེད་དོན་རྟོག་ཞིབ་བྱས།
ཝང་ཞོན་སྔ་གཞུག་ཏུ་མཚོ་སྔོན་ཅན་ཧྥུན་རྣོ་ལྕགས་སྒྲོམ་གཞི་ཚད་ཡོད་ཀུང་ཟི་དང་། སྐལ་བཟང་མེ་ཏོག་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་ལས་བཟོ་བ། ཁེ་ལས་ལ་རོགས་རམ་བྱེད་པའི་འབྲེལ་གཏུག་པ་བཅས་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། ཁེ་ལས་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ཁག་དང་རེ་བར་རྒྱུས་ལོན་བྱས་ཤིང་། ཡུལ་དངོས་ནས་འདུམ་སྒྲིག་བྱེད་པའི་ཐབས་ལ་བརྟེན་ནས་དཀའ་ངལ་སྣ་ཚོགས་ཐག་བཅད།
ཝང་ཞོན་གྱིས་ཧོང་ཀྲུང་ཆུའུ་ཡི་ཁེ་ལས་ལ་རོགས་སྐྱོར་བྱས་ནས་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། རྩེ་རིམ་ཇུས་འགོད་ཇེ་ལེགས་སུ་བཏང་ནས། ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། བདེ་ཐང་སྤུས་ལེགས་ཀྱི་ཁེ་ལས་མ་ལག་གསོ་སྦྱོང་བྱེད་པར་ཤུགས་བསྣན་ནས། ཁེ་ལས་ཆེ་ཆུང་མཉམ་འདྲེས་གསར་སྐྲུན་བྱེད་པ་དང་། ཤེས་བྱའི་ཐོན་དབང་བཀོལ་སྤྱོད་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བྱ་བ་སོ་སོར་གྲུབ་འབྲས་མངོན་དུ་འཇུག་དགོས། ཞབས་ཞུ་མདུན་དུ་བསྐྱོད་པ་དང་། ཇུས་གཞི་གནད་ལ་འཁེལ་བར་བྱས་ཏེ། ཆུའུ་སྲིད་གཞུང་གིས་ཁེ་ལས་ཀྱི་དཀའ་ས་དང་ཞན་ས། ཁེགས་ས་བཅས་ལ་དམིགས་བཙུགས་ནས། གནད་དོན་གྱི་རྩིས་ཐོ་དང་འགན་ཁུར་གྱི་རྩིས་ཐོ་གསལ་བོར་བཟོས་ནས། རིགས་དབྱེ་ཇུས་བསྟར་དང་གནད་འཁེལ་རོགས་སྐྱོར་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཡུལ་དངོས་ནས་ཐག་གཅོད་ནུས་པ་དག་ཡུལ་དངོས་ནས་དུས་ལྟར་ཐག་གཅོད་པ། ཕྱོགས་མང་པོས་འདུམ་སྒྲིག་བྱེད་དགོས་པ་གནད་དོན་ཐད་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྣེ་ཁྲིད་སྡེ་ཁག་ལ་འབྲེལ་མཐུད་བཟང་བོ་བྱས་ནས། མཉམ་དུ་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་ཟམ་པ་དྲོན་མོ་ཞིག་བཙུགས་ནས། ཁེ་ལས་ལ་དུས་ལྟར་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།