རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་མ་གནང་བའི་སྔ་ཉིན་ཏེ་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ། ཨུ་རུ་སི་དང་ཀྲུང་གོའི་མ་འོངས་པར་ཁ་ཕྱོགས་པའི་རོགས་རེས་འབྲེལ་བ་ཞེས་པ་ཁ་བྱང་བྱས་ཏེ་མཚན་བཀོད་རྩོམ་ཡིག་སྤེལ་ནས། མཛའ་མཐུན་གྱི་ཀྲུང་གོ་མི་དམངས་ལ་གུས་འདུད་ཞུས་ཏེ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་ཆེན་མོའི་བར་གྱི་འཆམ་མཐུན་དང་གསར་གཏོད་རང་བཞིན་གྱི་མཉམ་ལས་དཔེ་མཚོན་ལྟ་བུ་ཡིན་པས། མི་འགྱངས་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་གྲོས་མོལ་བྱེད་པ་དེས། ཕྱོགས་གཉིས་ཀའི་ངོས་སོ་སོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྩོལ་ཐུབ་པའི་རེ་བ་ཡོད་ཅེས་བསྟན།
ཕུའུ་ཅིང་གིས་རྩོམ་ཡིག་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བར་དོན་སྙིང་ཆེན་པོ་ལྡན་ལ། བྱེད་ཕྱོགས་འདིའི་ཐོག་ནས་ཨུ་རུ་སི་དང་ཀྲུང་གོའི་རོགས་རེས་འབྲེལ་བར་དམིགས་བསལ་རང་བཞིན་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྱི་བདག་དབང་དང་ཁེ་ཕན་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་དུ་བཙུགས་པ་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད་ཅེས་བསྟན།
རྩོམ་ཡིག་ལས་ལོ་ངོ་བཅུའི་རིང་ལ། ཨུ་རུ་སི་དང་ཀྲུང་གོས་ཕན་ཚུན་བར་གྱི་མཛའ་མཐུན་འབྲེལ་བར་སྔར་ལས་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། མིག་སྔའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རིམ་ལ་མི་རྣམས་ཧ་ལས་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པར་མ་ཟད། ད་དུང་མུ་མཐུད་ཇེ་བརྟན་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀས་ཡིད་ཆེས་རྨང་རྟེན་དུ་བཟུང་ནས་ཕན་ཚུན་བར་ཆབ་སྲིད་ཀྱི་སྐད་ཆ་བཤད་རེས་བྱས་པ་དེ་ནི། ཁྱོན་ཡོངས་ཀྱི་དུས་རབས་གསར་པའི་འཐབ་ཇུས་མཉམ་ལས་ཤིག་ཡིན་ཞེས་བསྟན།
རྩོམ་ཡིག་ལས་ཨུ་རུ་སི་དང་ཀྲུང་གོས་འདྲ་མཉམ་དང་སྒོ་འབྱེད། བསྟུན་མཁས། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་མ་ལག་འཛུགས་རྒྱུར་ཐོག་མཐའ་བར་གསུམ་དུ་འབད་འབུངས་བྱེད་ཀྱིན་ཡོད་ཅེས་བསྟན།
རྩོམ་ཡིག་ལས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་ཆེན་མོའི་བར་གྱི་འཆམ་མཐུན་དང་གསར་གཏོད་རང་བཞིན་གྱི་མཉམ་ལས་དཔེ་མཚོན་ལྟ་བུ་ཡིན། ཕུའུ་ཅིང་གིས་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་འཐབ་ཇུས་གདམ་ག་ཡིན་པའི་ཨུ་རུ་སི་དང་ཀྲུང་གོའི་མཛའ་མཐུན་རོགས་རེས་འབྲེལ་བ་མུ་མཐུད་སྟོབས་ལྡན་ཅན་དུ་གྱུར་ནས། ཨུ་རུ་སི་དང་ཀྲུང་གོར་བདེ་སྐྱིད་དང་དར་རྒྱས་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།