མཚོ་སྔོན་ཞིང་ཆེན་རྩོམ་ཡིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་འཐབ་ཇུས་མཉམ་ལས་འགོད་པའི་མཛད་སྒོ་དེ་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་མཚོ་སྔོན་མཛེས་རྩལ་ཁང་ནས་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ནས་མཉམ་ལས་རྐྱེན་སྲོལ་འཛུགས་པ་དང་། མཉམ་དུ་ཁྱད་ལྡན་ཚོང་རྟགས་གསར་བསྐྲུན་བྱེད་པ། ཤུགས་ཆེན་པོས་རྩོམ་ཡིག་སྒྱུ་རྩལ་གྱི་གསར་རྩོམ་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ། མཉམ་དུ་རྩོམ་རིག་སྒྱུ་རྩལ་འཇོན་མི་གསོ་སྦྱོང་བྱེད་པ། རོགས་ལས་བྱས་ནས་སྒྱུ་རཙལ་བརྗེ་རེས་བྱ་འགུལ་སྤེལ་བ། ཡར་སྐུལ་རྐྱེན་སྲོལ་བཙུགས་ནས་འགན་སྲུང་བྱེད་པ་བཅས་ཕྱོགས་བཞི་ནས་མཉམ་ལས་སྤེལ་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་། ཡུས་ཧྲུའུ་ཁུལ་རྩོམ་ཡིག་སྒྱུ་རྩལ་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་གཏོང་བ་ལ་དོན་སྙིང་གལ་ཆེན་ལྡན།
ཐེངས་འདིར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་ལས། ཡུས་ཧྲུའུ་ཁུལ་གྱི་རིག་གནས་དང་རིག་རྩལ། རིག་གནས་གནས་སྐོར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། ཡུས་ཧྲུའུ་ཡིས་སྣང་བརྙན་གསུམ་བསྐྲུན་པ་དང་ས་ཁུལ་དྲུག་གསར་འཛུགས་བྱེད་པར་གསོན་ཤུགས་གསར་བ་ཁ་སྣོན་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐུན་མིན་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ཅིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་བརྙན་ཕབ་པའི་མཐུན་ཚོགས་སོགས་ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས། ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་ཀྱི་བརྙན་ཕབ་མུ་འབྲེལ་བྱ་འགུལ་སྤེལ་བར་འཆར་འགོད་བྱས་ནས། སྐྱེ་ཁམས་བརྙན་ཕབ་གནས་སྐོར་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།