ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཐོག་ཁང་ཆེན་མོ་རུ་ཨུ་རུ་སུའི་ཙུང་ལི་མེས་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།
ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཐོག་ཁང་ཆེན་མོ་རུ་ཨུ་རུ་སུའི་ཙུང་ལི་མེས་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་ནི་ཕན་ཚུན་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་གྲོགས་པོའང་ཡིན། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གཏན་ཚིགས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དང་། ཅང་མ་འགོར་བའི་སྔོན་ལ་རྒྱལ་ཁབ་གཉིས་ཀྱིས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པ་བདམས་ཐོན་བྱུང་། ཀྲུང་གོའི་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱིས་སྔར་མེད་ཀྱི་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཙུང་ལི་ཐུག་འཕྲད་སོགས་ལམ་སྲོལ་ཅན་གྱི་བརྗེ་རེས་བྱེད་ཐབས་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་དམིགས་འབེན་གསར་པ་མངོན་འགྱུར་བྱེད་པ་དང་གྲུབ་འབྲས་གསར་པ་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ནིང་གི་ཚུན་ལ། རྙོག་འཛིང་ཆེ་བའི་ཕྱིའི་ཁོར་ཡུག་ལ་དམིགས་ཏེ་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཀྲུང་གོས་བསྟུད་མར་ལོ་བཅུ་གསུམ་རིང་ལ་ཨུ་རུ་སུའི་ཉོ་ཚོང་གྲོགས་པོའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པའི་གོ་གནས་བརྟན་སྲུང་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ལ། འཐབ་ཇུས་རང་བཞིན་གྱི་ལས་གཞི་གལ་ཆེན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བར་མ་ཟད། མི་གཞུང་དང་ས་གནས་བརྗེ་རེས་དམ་ཟབ་ཏུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བདེ་འཇགས་བརྟན་འཇགས་སྲུང་འཛིན་བྱེད་དགོས། ཕན་ཚུན་སྦྲེལ་མཐུད་ཀྱི་ལས་གཞི་ཆེན་པོའི་སྐུལ་ཁྲིད་ཕན་ནུས་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་རྒྱ་བསྐྱེད་དགོས། ཀྲུང་གོ་དང་ཨུ་རུ་སུའི་ཚན་ཞིབ་གསར་སྐྲུན་མཉམ་ལས་ལ་ཤུགས་བསྣན་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་དང་ཨུ་རུ་སུའི་ལུས་རྩལ་བརྗེ་རེས་ལོ་མུ་མཐུད་དུ་བཟང་བོར་སྒྲུབ་སྟེ་བྱ་འགུལ་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་བར་གྱི་འབྲེལ་མཐུད་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཨུ་རུ་སུ་ཕྱོགས་དང་དེ་མིན་མནའ་འབྲེལ་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོས་ཆོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཆུ་ཚད་སྔར་ལས་བཟང་བ་དང་རིམ་པ་སྔར་ལས་ཟབ་པའི་ཁུལ་ཁོངས་མཉམ་ལས་སྤེལ་འདོད་ཡོད།
མེས་ཧྲུའུ་སི་ཅིན་གྱིས་བསྟན་དོན། དེ་རིང་ངས་ཨུ་རུ་སུའི་སྲིད་གཞུང་གི་ནང་སྲིད་ཁང་གི་ཁོངས་མི་དག་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་ཡིན། ཀྲུའུ་ཞི་ཅིན་ཕིང་གིས་འགན་བསྟུད་མར་ཁུར་རྗེས་ཨུ་རུ་སུར་འཚམས་འདྲི་བྱེད་ཡུལ་ཐོག་མར་བཞག་པ་དེར་དོན་སྙིང་གལ་ཆེན་ལྡན་ལ། དུས་རབས་གསར་པའི་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་དམིགས་བསལ་རང་བཞིན་ལེགས་པར་མཚོན་ཡོད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་གནས་པ་དང་། དེ་མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བཟང་བོ་བྱེད་པ་དང་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཨུ་རུ་སུ་དང་ཀྲུང་གོའི་ཙུང་ལི་ཐུག་འཕྲད་ལམ་སྲོལ་དེ་འཛམ་གླིང་སྟེང་གཅིག་ལས་མེད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་སྐབས་གསར་པའི་སྲིད་གཞུང་དང་རོགས་རེས་མཉམ་ལས་དམ་ཟབ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནན་མོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པར་རེ་སྒུག་བྱས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་གཏོང་ཉོ་ཚོང་དང་ནུས་ཁུངས། རང་བྱུང་སོལ་རླངས། ཞི་བདེའི་ངང་ཉིང་ནུས་བེད་སྤྱོད་བྱེད་པ། མཁའ་འགྲུལ་དང་མཁའ་སྐྱོད། ཚན་རྩལ་གསར་སྐྲུན། རྒྱལ་ཁོངས་བརྒལ་བའི་འགྲིམ་འགྲུལ་དངོས་རྒྱུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཁོ་འདོན་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་གྱི་་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་སོགས་ཐད་ཀྱི་གནད་དོན་ལ་འགན་སྲུང་བྱས་ཏེ་རོགས་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་ན་གཞོན། ལུས་རྩལ་སོགས་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་མཉས་ལས་སྔར་ལས་དམ་ཟབ་ཏུ་གཏོང་རྒྱུ་ནི་རེ་བ་ཡིན།
ཚའེ་ཆི་དང་ཝང་དབྱི། ཆིན་ཀང་། དེ་མིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་གཞོན་པ་བདུན་སོགས་ཐུག་འཕྲད་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།