ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཐེམ་ཆེན་རྫོང་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། འཕེལ་རྒྱས་ཡིད་ཆེས་ཇེ་བརྟན་དང་ཁག་ཁུར་བྱེད་ཕྱོགས་མངོན་པར་བྱས་ནས། འགུལ་སྐྱོད་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས།
ཝང་ལིས་མེན་སྔ་གཞུག་ཏུ་མཚོ་སྔོན་ཅུན་པཱང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཧྲིན་ཡུས་ཡོན་གསོག་སྐྱེལ་ཚད་ཡོད་ཀུང་སི་སོགས་སུ་སོང་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར་གནས་ཚུལ་ལ་ཞིབ་བཤེར་དང་འཕེལ་རྒྱས་རྣམ་པ་དང་བཅོས་སྒྱུར་ཁ་ཕྱོགས་ལ་རྒྱུས་ལོན་བྱས་ཤིང་། ཐེམ་ཆེན་རྫོང་གི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་ཉན་པར་མ་ཟད། ཁེ་ལས་པས་སེམས་ཁུར་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་དང་དངུལ་བུན་བསྡུ་རུབ། ཁྲལ་གྲོན་ཇེ་ཉུང་དུ་གཏོང་བ། རྒྱུ་རྐྱེན་འགན་སྲུང་སོགས་ཀྱི་ལས་དོན་ལ་དམིགས་ནས་ཁ་གཏད་བརྗེ་རེས་བྱས་པ་དང་། ཡུལ་དངོས་ནས་འབྲེལ་ཡོད་རེ་ཞུའི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གཅིག་གྱུར་འཆར་འགོད་བྱས་ཏེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་ཆེད་དོན་འགུལ་སྐྱོད་དགུ་གཏན་འབེབས་བྱས་པ་དང་། ཁྲོམ་རའི་གཙོ་གཞིའི་ནུས་པ་བསྐྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་ཆེར་བཏང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་སྔོན་ལ་མཛུབ་སྟོན་དང་བཀོད་འདོམས་བྱས་ཏེ་སྣེ་ཁྲིད་སྤྱི་འདོམས་ཀྱི་འགན་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐེམ་ཆེན་རྫོང་གིས་རང་འགུལ་གྱི་ཁག་ཁུར་བྱེད་ཕྱོགས་ལ་བརྟེན་ནས། ཁོངས་གཏོགས་འགན་སྲུང་དང་ཞབས་ཞུའི་འོས་འགན་དངོས་འབེབས་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་འབྲེལ་ཡོད་དམིགས་འབེན་བླང་བྱ་དངོས་འབེབས་བྱེད་དགོས། ཁྲོམ་ར་རིགས་སོ་སོས་འཕེལ་རྒྱས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། སྲིད་ཇུས་གོ་སྐབས་དམ་འཛིན་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་བ་བརྒྱུད་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་ཁྲོམ་རའི་འགྲན་རྩོད་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཀྱི་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བར་སྟོབས་ཤུགས་དང་བྱས་རྗེས་འབུལ་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།