ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟི་ལིང་དུ་བསྡུས།
2023.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། དུས་ཡུན་རིང་བོར་འབད་འཐབ་བྱས་ཏེ་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་འཐབ་ཕྱོགས་དང་པོ་རུ་ཡོད་པའི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་། ཚང་མས་སྔར་ལས་ནུས་ལྡན་གྱི་འགན་འཁྲི་དང་ལས་འགན་ཁག་ཁུར་དང་ལོ་རྒྱུས་རང་འགུལ་སྙིང་སྟོབས་བཅངས་ནས་འབད་པས་སྐྱོད་ལམ་གསར་པར་བསྐྱོད་པ་དང་། དུས་རབས་གསར་པའི་མི་དམངས་ཉེན་རྟོག་པས་བྱས་རྗེས་ཆེན་པོ་འཇོག་དགོས་པའི་སྐུལ་ལྕག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ཚོགས་ཆེན་སྟེང་ཞིང་ཆེན་གྱི་ཆེས་མཐོའི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ལྔ་དང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་དཔེ་ལེགས་ཐུན་མོང་བཅུ། ཞིང་ཆེན་གྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ཞེ་བརྒྱད། ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཕུལ་བྱུང་གཞི་རིམ་ལས་ཁུངས་ཉི་ཤུ་བཅས་ལ་གཟེངས་བསྟོད་བྱས། ཞིང་ཆེན་གྱི་ཆེས་མཐོའི་ཕུལ་བྱུང་མི་དམངས་ཉེན་རྟོག་པའི་འཐུས་མི་ཅི་ཀོས་དབྱང་དང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་དཔེ་ལེགས་ཐུན་མོང་གི་འཐུས་མི་ཀྲའོ་ཀྲན་མེན་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཚོགས་ཆེན་ལ་ཞུགས་པ་དང་། ཚོགས་ཆེན་ལ་ཞུགས་པའི་འགོ་ཁྲིད་པས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་།

ཁྲིན་ཀང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ་རང་ཞིང་གི་སྤྱི་བདེ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་ཡིད་ལ་དམ་པོར་འཛིན་དགོས་པ་དང་། སྔར་ལས་རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པའི་སྟེང་གཅིག་སྡུད་བྱེད་དགོས་ལ། བློ་རྩ་བརྟན་པོས་དུས་རབས་གསར་པའི་ཏང་གི་ཉེན་རྟོག་འཛུགས་སྐྲུན་དང་ཉེན་རྟོག་བཅོས་སྐྱོང་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་བརྟན་པོར་ཆགས་པར་བྱེད་པར་མ་ཟད། ལྡབ་འགྱུར་སྒོས་སྙིང་སྟོབས་དར་སྤེལ་བྱེད་པ་དང་ལྡབ་འགྱུར་སྒོས་ཧུར་ཐག་བརྩོན་ལེན་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་བདེ་བྱ་བའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཏང་གིས་མཐའ་གཅིག་ཏུ་མགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ལ་བློ་དཀར་བའི་ཆབ་སྲིད་རང་མདངས་སྲུང་སྐྱོབ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་དེ་ཆེས་མཐོའི་ཆབ་སྲིད་རྩ་དོན་དང་གཞི་རྩའི་ཆབ་སྲིད་སྒྲིག་སྲོལ་དུ་བརྩིས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། འགན་འཁྲི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་སྟེ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུ་ཡི་བྱ་བའི་རེ་བ་དངོས་འབེབས་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་ནས། བློ་བརྟན་འགྱུར་མེད་སྒོས་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ། འཐབ་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བ། ཧུར་ཐག་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་དགོས། འདྲ་མཉམ་དྲང་བདེན་བརྟན་སྲུང་བྱས་ཏེ། ཤུགས་ཆེན་པོས་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ། དེང་རབས་ཅན་གྱི་ཉེན་རྟོག་མ་ལག་གསར་སྐྲུན་བྱེད་པ། ཁྲིམས་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་སྐྱོང་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་དམག་མི་བཟང་བོ་ཞིག་བྱེད་དགོས། ཕྱོགས་ཡོངས་ནས་ཉེན་རྟོག་བཅོས་སྐྱོང་ནན་མོ་བྱས་ཏེ། བྱང་ཚད་མཐོ་བའི་སྤྱི་བདེ་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་།  ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་ཉེན་རྟོག་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། སྤྱི་བདེ་དཔུང་སྡེའི་ནུས་པ་དང་བྱང་ཚད་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་ཉེན་རྟོག་པར་གཅེས་སྐྱོང་དང་ཉེན་རྟོག་པར་དྲོད་ཁོལ་སྐྱེལ་བ་དང་ཉེན་རྟོག་པར་ཁེ་ཕན་སྐྲུན་པའི་བྱ་བ་དམ་འཛིན་བྱས་ཏེ། ལས་རིགས་ཀྱི་གཟི་བརྗིད་ཚོར་སྣང་དང་སྤོབས་པས་ཁེངས་པའི་ཚོར་སྣང་། ཁོངས་གཏོགས་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས།

ཁྲིན་ཀང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་བདེ་སྟོབས་ཤུགས་ཀྱིས་སྤྱི་ཚོགས་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་དུ་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་ནུས་པ་བཏོན་པར་ངོས་འཛིན་གསལ་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་བརྟན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ་དང་། སྤྱི་ཚོགས་བདེ་འཇགས་བྱ་བར་ཤུགས་སྣོན་དགོས། གཟེངས་བསྟོད་ཐོབ་པའི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་གིས་བླ་མེད་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་། ནམ་ཡང་གྲུབ་འབྲས་ཆེན་པོ་གསར་སྐྲུན་བྱས་ནས་ཏང་དང་མི་དམངས་ལ་བྱས་རྗེས་གསར་པ་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱིས་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་མིག་དཔེ་བྱས་ཏེ། ཤུགས་ཆེན་པོས་སྤྱི་བདེ་དཔའ་བོ་དཔེ་ལེགས་ཅན་གྱི་བྱས་རྗེས་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། སྤྱི་བདེ་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ལག་བསྟར་ནན་མོ་བྱས་ནས། དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྤྱི་བདེ་ལས་ཁུངས་ཀྱིས་སྟོབས་ཤུགས་འདོན་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་གང་ལེགས་བྱེད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ཉེས་ཅན་ལ་རྡུང་རྡེག་ནན་མོ་བྱེད་པའི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། སྔོན་ཐོན་འཐུས་མིས་ཏང་ལ་བློ་དཀར་བ་དང་ཆོད་སེམས་བརྟན་པོའི་ཆབ་སྲིད་སྤྱོད་ལམ་དང་། རང་གི་འགན་འཁྲི་ལ་རྐང་འཛུགས་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྱོན་ཡོངས་ཀྱི་འདུ་ཤེས། མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་དམངས་ལ་གཅེས་སྐྱོང་བྱེད་པའི་སྤྱི་ཞབས་པའི་བརྩེ་སེམས། ལས་གནས་ལ་དགའ་ཞིང་བྱ་བར་སྒེར་སེམས་མེད་པར་བྱས་རྗེས་འཇོག་ཕོད་པའི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྤོབས་པ་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ནུས་པའི་འཛུགས་སྐྲུན་དང་ཏང་ལ་དོ་དམ་དང་ཉེན་རྟོག་པར་བཅོས་སྐྱོང་ནན་མོ་བྱེད་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་དངོས་སྦྱོང་བརྡར་དང་ལག་ལེན་དངོས་ལས་སྦྱོང་བརྡར་བྱེད་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་འཐབ་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་ལག་ལེན་ཁྲོད་དུ་ཉམས་མྱོང་བསགས་དགོས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས།

                                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།