ཟླ3ཚེས21ཉིན་ནས་ཚེས22ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧུའུ་ནན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ་དང་འགོ་འཛིན་མཛད་དེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་ད་ང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཕུང་དཔལ་འབྱོར་གྱི་སྟེང་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གང་ལེགས་གཏོང་བ། རྩེར་སོན་བཟོ་སྐྲུན་ལ་སྐུལ་སྤེལ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་བཅས་ལ་འབད་དགོས་ཞེས་ནན་གྱིས་བསྟན།
ལིས་ཆང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གསར་གཏོད་དང་ཤེས་ལྡན་མི་སྣར་བརྟེན་དགོས། ཁེ་ལས་ཀྱིས་ཚན་རྩལ་ཤེས་ལྡན་པ་ཕུལ་བྱུང་གསོ་སྐྱོང་དང་བསྡུ་འགུག བེད་སྤྱོད་གང་ལེགས་བྱས་ཏེ། འགག་རྩ་དང་ལྟེ་གནད་དུ་གྱུར་པའི་ལག་རྩལ་དང་ལག་རྩལ་སྒྲིག་ཆས་གལ་ཆེན་གྱི་མཁྲེགས་གཏོར་ལས་དོན་གང་མགྱོགས་སུ་བཏང་ནས། སྐད་ཆ་བཤད་དབང་ཡོད་པའི་ཐོན་རྫས་དང་ལག་རྩལ་སྔར་ལས་མང་བ་གསར་གཏོད་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་རིན་ཐང་དང་ཚེ་སྲོག་དེ་ཉེར་སྤྱོད་ཀྱི་ཐད་དུ་གནས་པས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་རྫས་ཀྱི་ཚད་གཞི་དང་སྤུས་ཚད་ཇེ་མཐོར་གཏོང་བ། ཐོན་རྫས་ཀྱི་ཕྱིའི་ཇུས་འགོད་ལ་ཤུགས་སྣོན་པ། ཐོན་རྫས་གསར་གཏོད་ལ་བརྟེན་ནས་ཚོང་རའི་དགོས་མཁོ་རྒྱ་བསྐྱེད་པ་བཅས་བྱེད་དགོས་ཞེས་བསྟན།
ལིས་ཆང་གིས་ཁེ་ལས་ནི་ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་ཡིན་པས། འཛམ་གླིང་སྟེང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་དང་ཆེད་མཁས་པའི་ཁེ་ལས་གསར་པ་སྐྱེད་སྲིང་བྱས་ནས། ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་ཁེ་ལས་མཁས་ཅན་ལ་བརྩི་འཇོག་དང་། ལས་སྐྲུན་གསར་གཏོད་ལ་སྐུལ་མ་གཏོང་བའི་རྣམ་པ་བཟང་པོ་འབད་པས་བསྐྲུན་པ། ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཁེ་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། དེ་མིན་ད་དུང་ཞན་ཆ་གསབ་པ་དང་ལེགས་ཆའི་ཁྱབ་ཁོངས་སུ་སྔོན་ཐོན་གྱི་གནས་བབ་སྔར་ལས་སྲ་བརྟན་དུ་གཏོང་བ། ཁྱབ་ཁོངས་གསར་པ་དང་འགྲན་རྩོད་གསར་པའི་ཁྲོད་ཀུན་གྱི་མདུན་གྲལ་དུ་བསྐྱོད་པ། འཕར་སྣོན་གྱི་སྒུལ་ཤུགས་གསར་པ་ཁག་གཅིག་མགྱོགས་མྱུར་ངང་གཏོད་པ་བཅས་བྱེད་དགོས་ཞེས་བསྟན།
ལིས་ཆང་གིས་དངོས་ཕུང་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ནི་རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པ་དང་བསྟུན་ནས། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱང་གནས་བབ་ཆེན་པོ་ཞིག་དང་འཕྲད་ཡོད་པས། ང་ཚོས་བཟོ་སྐྲུན་ལས་རིགས་ཀྱི་ཆོད་སེམས་ལ་གཡོ་འགུལ་གཏོང་མི་རུང་བ་དང་བཟོ་སྐྲུན་ལས་རིགས་སྟོབས་ལྡན་དུ་གཏོང་རྒྱུར་ངེས་པར་དུ་ཤུགས་སྣོན་དགོས། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ། འཐབ་ཇུས་ཀྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཀོད་ཁྱབ་ཇེ་ལེགས་སུ་གཏོང་བ་དང་ཁྱུ་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་བཟོ་སྐྲུན་དེ་གང་མགྱོགས་ངང་ཀྲུང་གོའི་གསར་གཏོད་ལ་ཚུལ་སྒྱུར་བྱེད་པ། ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་ལ་གང་མགྱོགས་ངང་བསྒྱུར་བ། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་སྤུས་རྟགས་སུ་མགྱོགས་མྱུར་ངང་བསྒྱུར་བ་བཅས་བྱེད་དགོས། དེ་མིན་ད་དུང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་གང་མང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཕྱོགས་སུ་འཁོར་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ནས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་སྣོད་བཅུད་བཟང་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་བསྟན།
ལིས་ཆང་གིས་ཧུའུ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཧུའུ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གལ་ཆེན་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་ཚན་རྩལ་གསར་གཏོད། སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་བཅས་ཀྱི་མཐོ་ས་གང་མགྱོགས་ཀྱིས་བསྐྲུན་དགོས་ཞེས་བསྟན།
ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་བྱེད་རོགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།