ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་གནད་འགག་ཏུ་འཛིན་པ། དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། པྲོག་གསར་རིམས་ནད་འགོག་སྡོམ་གྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ། མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱེད་པ།  སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་སུ་གཏོང་སྟངས་དེ་ནང་སྙིང་ཅན་གྱི་འཕེལ་རྒྱས་སུ་འགྱུར་བར་སྔར་ལས་དོ་སྣང་བྱེད་པ། ཞབས་ཞུ་བྱེད་སྟངས་དེ་མ་ལག་རྒྱུན་མཐུད་ཅན་དུ་འཕེལ་བར་སྔར་ལས་མཐོང་ཆེན་བྱེད་པ། དོ་དམ་བྱེད་ཐབས་དེ་ཚན་རིག་ཅན་གྱི་བཅོས་སྐྱོང་ལ་འགྱུར་བར་སྔར་ལས་དོ་སྣང་བྱེད་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཅན་དང་སྤུས་ལེགས་ཅན། ཕན་འབྲས་ཅན་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས།

བྱ་བའི་དམིགས་འབེན་ནི། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་ཡོད་པ་དང་། ཐོན་ཁུངས་བཀོད་སྒྲིག་དང་ཞབས་ཞུའི་དོ་སྙོམས་རང་བཞིན་སྔར་ལས་ཆེ་རུ་འཕེལ་ཡོད་པ། ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས། འཕྲལ་བསྟུན་ཐག་གཅོད་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་གང་ལེགས་ཡོང་ཡོད་པ། གོ་རིམ་ལྡན་པའི་ངང་སྨན་བཅོས་དང་སྨན་བཅོས་མ་ལག་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་བཅས་མངོན་འགྱུར་བྱེད་དགོས།  ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་ཡོང་བར་འཚམ་ཞིང་། མ་ལག་ཆ་ཚང་བ་དང་ལས་བགོས་ཁ་གསལ་ཡིན་པ། ནུས་པ་གསབ་རེས་ཡིན་པ། རྒྱུན་མཐུད་མཐུན་སྦྱོར་ཡིན་པ། འཁོར་སྐྱོད་ཕན་འབྲས་ཆེ་བ། མཉེན་གཤིས་ཆེ་བ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གྲུབ་པར་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲང་གཞག་རང་བཞིན་དང་ཕན་ནུས་རང་བཞིན། ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་ནུས་བཅས་མངོན་གསལ་གྱིས་ཇེ་ཆེར་སོང་ཡོད་པར་མ་ཟད། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་ཐུབ་པ་མངོན་འགྱུར་བྱེད་དགོས།

བསམ་འཆར་ལས་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། བྱེད་ནུས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བླང་བྱ་ཞིབ་མོ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།