ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་པའི་མཛད་སྒོ་བསྡུས། ཚོགས་ར་གཙོ་བོ་ཡིན་པའི་མཚོ་སྔོན་ཐཱན་མེད་ཐོན་ལས་ས་ཁུལ་མཚོ་ཤར་ཧོང་ཧྲི་སྭེལ་རྒྱུ་ཆ་གསར་པའི་ཐོན་ལས་ཁུལ་གྱི་ལས་གཞིའི་ཡུལ་དངོས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ལས་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན་དང་ཀྲུའུ་ཞང་ཧྥིན། ཝང་ལིས་མེན། ཝང་ཀྲིན་ཁྲང་བཅས་ཚོགས་ར་གཙོ་བོའི་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་པའི་མཛད་སྒོར་ཞུགས་པ་དང་། ཝང་ཝེ་ཏུང་གིས་མགོ་འཛིན་བྱས། ལོས་ཀང་དང་ལིའུ་ཐའོ། ལིའུ་ཁྲའོ། ཝང་ཧེ་ཧོང་བཅས་སོ་སོར་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་ཀྱི་ཡན་ལག་ཚོགས་རའི་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་པའི་མཛད་སྒོར་ཞུགས།
ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལས་གཞི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁེ་ལས་པ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་གུས་འདུད་བྱས། ཁོས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱེད་པའི་སྐབས་འདིར། ཞིང་ཆེན་ཡོངས་ཀྱི་ལས་གཞི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱས་པ་ནི་ང་ཚོས་ཚོང་འགུག་བྱ་བར་མཐོང་ཆེན་དང་ལས་གཞིའི་གྲུབ་འབྲས་དམ་འཛིན་བྱས་པ་མཚོན་པ་དང་། ང་ཚོས་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་དངོས་གཉེར་བྱེད་ཐབས་ཤིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ས་གནས་སོ་སོའི་ལས་ཁུངས་སོ་སོས་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་རྐང་བཙུགས་ཏེ། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཤིང་། ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་བསྲེས་བྱས་པ་དང་ཞབས་འདེགས་ཞུས་ལ། དུས་དང་རྣམ་པ་ཀུན་ཏུ་ལས་གཞི་འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གཙོ་བོར་བཞག་པ་དང་དམངས་ཚིས་ལེགས་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གཅིག་སྡུད་བྱས་པ་དང་། ལས་གཞི་གལ་ཆེན་སྐོར་ཞིག་འཕྲོ་རིམ་འཕྲོར་མཚོ་སྔོན་དུ་ལས་མགོ་བརྩམས་པར་མ་ཟད་ཡོངས་འགྲུབ་བྱས། གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱས་པའི་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་སོ་དྲུག་དེ་དག་གཙང་ནུས་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཐོན་ལས་ཚུལ་སྒྱུར། དམངས་ཚིས་ལེགས་བཅོས་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་ཁྱབ་ཡོད་ལ། དངུལ་གཏོང་གི་གཞི་ཁྱོན་ཆེ་ཞིང་ཚོང་རའི་མདུན་ལྗོངས་བཟང་བ་དང་། སྣེ་ཁྲིད་ནུས་པ་ཆེ་བས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་ངེས་ཡིན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པར་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་ངེས་རེད།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ན་དངུལ་གཏོང་ནི་གནད་འགག་ཡིན་པ་དང་ལས་གཞི་ནི་རྨང་གཞི་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་པའི་བྱ་འགུལ་གོ་སྐབས་སུ་བཟུང་སྟེ། དངུལ་གཏོང་ལས་གཞིའི་མཁྲེགས་གཏོར་འགུལ་སྐྱོད་ལག་བསྟར་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཚོང་འགུག་བྱ་བ་དམ་འཛིན་བྱེད་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་ལས་གཞི་ལག་བསྟར་བྱེད་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་གཞི་དམ་འཛིན་བྱེད་པའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་སྟེ་ལས་གཞི་གཙོར་འཛིན་པའི་འདུ་ཤེས་ཆགས་པར་བྱེད་པ་དང་། ལས་གཞི་དམ་འཛིན་བྱས་ཏེ་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་བསམ་པ་དང་ལས་འགན་བསམ་པ། དགོས་གལ་བསམ་པ་ཇེ་དྲག་ཏུ་བཏང་ནས། ལས་གཞི་མྱུར་དུ་ལག་བསྟར་བྱེད་པའི་ཚ་རླབས་ཤིག་སློང་དགོས། ལས་གཞི་མགྱོགས་མྱུར་སྒོས་དམ་འཛིན་བྱེད་པ་དང་རྒྱུ་རྐྱེན་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པར་གཅིག་སྒྱུར་སྒོས་འཆར་འགོད་བྱེད་དགོས་ལ། རྩ་འཛུགས་ཞིབ་མོ་བྱེད་པ་དང་ཚན་རིག་དང་མཐུན་པར་བཀོད་གཏོང་བྱེད་པ། ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་བཟོ་སྐྲུན་ལ་རྐང་བཙུགས་ཏེ། སྔ་མོ་ནས་ལས་མགོ་རྩོམ་པ་དང་སྔ་མོ་ནས་ཕན་འབྲས་ཐོབ་པར་བརྩོན་ལེན་བྱེད་དགོས། ཁོར་ཡུག་ལེགས་སྒྱུར་བྱས་ཏེ་ལས་གཞི་དམ་འཛིན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་གཡོ་འགུལ་མེད་པ་གཉིས་རྒྱུན་འཁྱོངས་བྱེད་པ། ཚོང་ལ་དགའ་ཞིང་ཚོང་ལ་ཕན་པ་དང་ཚོང་བའི་སེམས་བདེ་བར་བྱེད་པ། ཚོང་ལ་མཁས་པ་སོགས་ཀྱི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས་པར་མ་ཟད། ལྷག་བསམ་རྣམ་དག་སྒོས་ལས་གཞི་ནང་འདྲེན་བྱེད་པ་དང་ཁོར་ཡུག་ལེགས་པོར་བརྟེན་ནས་ལས་གཞི་གནས་ཐུབ་པར་བྱེད་པ། ཞབས་ཞུ་བཟང་བོར་བརྟེན་ནས་ལས་གཞི་ལག་བསྟར་བྱས་ཏེ། དཀའ་སྤྱད་འབད་འཐབ་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་ནུས་ཤུགས་གང་ཡོད་འདོན་དགོས་ཟེར།
ཚོགས་ར་གཙོ་བོའི་ལས་མགོ་བརྩམས་པ་དང་བསྐྱར་ལས་བྱེད་པའི་མཛད་སྒོའི་སྟེང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མཚོ་ཤར་གྲོང་ཁྱེར། ཧོང་ཧྲི་མ་རྐང་ཚོད་འཛིན་སྡེ་ཚོགས་བཅས་ཀྱིས་སོ་སོར་ཞིང་ཆེན་ཡོངས་ཀྱི་ལས་གཞི་གཅིག་བསྡུས་སྒོས་ལས་མགོ་བརྩམས་པ་དང་སླར་གསོ་བྱེད་པ་དང་། མཚོ་སྔོན་ཐཱན་མེད་ཐོན་ལས་ས་ཁུལ་འཛུགས་སྐྲུན་དང་མཚོ་ཤར་ཧོང་ཧྲི་སྭེལ་རྒྱུ་ཆ་གསར་པའི་ཐོན་ལས་ཁུལ་ལས་གཞི་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།