ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་དངོས་བཅར་འཚམས་འདྲི་མཛད་དེ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ནས། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། དུས་ཡུན་རིང་པོར། དམངས་གཙོ་ཏང་ཁག་སོ་སོས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་སྒོས་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆེད་དུ་སེམས་ནུས་ཡོད་རྒུ་བཏོན་པར་མ་ཟད། མི་རིགས་བསྐྱར་དར་གྱི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་ལ་དོ་ཁུར་ཆེན་པོ་བྱས་ནས། དུས་རབས་གསར་པའི་ནང་དུ་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་མངོན་པ་དང་རྣམ་པ་གསར་པ་བསྐྲུན་པའི་ཐད་སྐུལ་འདེད་བཏང་ཡོད། དམངས་གཙོ་ཏང་ཁག་སོ་སོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཐད་ཀྱི་ངོས་འཛིན་གཅིག་མཐུན་དང་བསམ་བློའི་སྟེང་གི་ངོས་འཛིན་གཅིག་མཐུན། གཞུང་ལུགས་སྟེང་གི་ངོས་འཛིན་གཅིག་མཐུན། བརྩེ་སེམས་སྟེང་གི་ངོས་འཛིན་གཅིག་མཐུན་བཅས་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཆེར་བཏང་སྟེ། ཏང་མང་མཉམ་ལས་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཏང་མང་མཉམ་ལས་ཀྱི་ཕན་ནུས་དང་ལྟེ་བའི་ཁྱོན་ཡོངས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བློ་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་པོ་དང་ལས་རོགས་བཟང་པོ། ལས་གྲོགས་བཟང་པོ་བཅས་བྱེད་དགོས། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་སུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་འཕེལ་བར་ཁྲིད་སྟོན་བྱས་ནས། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་དངོས་བཅར་འཚམས་འདྲི་དང་བཞུགས་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།