ཝང་ཧུའུ་ཉིང་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2023.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས24ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས། འགན་འཁྲི་འཁུར་སེམས་ཆེན་པོ་དང་ལས་འགན་སྒྲུབ་སེམས་ནན་མོ་ལ་བརྟེན་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་གཙོ་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་གཙོའི་ལྟ་སྐུལ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལོ་གཅིག་གི་རིང་ལ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བབ་བསྟུན་དང་ལས་ཆོད་ཆེ་བའི་སྒོ་ནས་ལས་དོན་སྤེལ་ཏེ། ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་་ཁྲོད་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས།བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་ལྟ་སྐུལ་གྲུབ་འབྲས་ལེན་ཐུབ་དགོས། དོན་དངོས་ལ་གཞི་ཚུགས་པར་བྱེད་པ་དང་ཕྱོགས་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས། ཤེས་ལྡན་པ་མང་པོ་དང་རིག་སྟོབས་མང་པོ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དམངས་གཙོ་ལྟ་སྐུལ་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོས་འབྲེལ་ཡོད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་མང་མཉམ་ལས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཚོགས་འདུར་མགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།