ཟླ3ཚེས21ཉིན་ནས་ཚེས24ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཀོང་ཏུང་དུ་བྱ་བར་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཆེན་པོ་བྱེད་དགོས་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བསམ་འཆར་དང་གྲོས་འགོ་ལ་ནན་ཏན་ངང་ཉན་པ། ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་སྒྲིག་ལུགས་ལས་དོན་ཡག་པོ་སྒྲུབ་པ། རྩ་ཁྲིམས་ལྟེ་བ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ལྡན་སྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཁྲིམས་འཛུགས་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུ་ནི་ཏང་གིས་ཁྲིམས་འཛུགས་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་པའི་མཚོན་ཚུལ་གལ་ཆེན་ཞིག་དང་། དམངས་ཆེན་གྱིས་ཁྲིམས་འཛུགས་ལས་དོན་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་གཞི་འཛིན་ས་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱེད་པར་ཅིས་ཀྱང་ལྟེ་བར་དམིགས་པ་དང་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ། སྤུས་ཚད་ལ་དོ་སྣང་བཅས་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་ལས་གཞི་གཏན་འཁེལ་ལུགས་མཐུན་བྱེད་རྒྱུ་དང་། ལོ་ལྔའི་ཁྲིམས་འཛུགས་ལས་དོན་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་དགོས། དེ་མིན་ད་དུང་གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་གི་དགོས་མཁོ་དང་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་འཚོ་བའི་དགོས་མཁོ་སྐོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མཁོ་བའི་བཅའ་ཁྲིམས་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་གཞིར་བཟུང་བའི་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཀྲའོ་ལི་ཅི་ཡིས་གསུང་རྒྱུར། དམངས་ཆེན་གྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས། ཏང་གི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་དང་ལག་བསྟར་བྱས་ནས། དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། དམངས་ཆེན་གྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཧོང་ཁུན་མེན་རྟོག་ཞིབ་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།