ལིས་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 150

ཟླ3ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ལས་དོན་གཙོ་བོའི་ལས་བགོས་གཏན་འཁེལ་བྱས་པ་དང་། དུས་རིམ་རང་བཞིན་གྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་ཅིག་ཇེ་ལེགས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་ནས་ཞིབ་འཇུག་བྱས་ལ། “ཞིང་གསུམ”གྱི་གཙོ་གནད་ལས་འགན་གྱི་ལས་ཀའི་ཇུས་གཞིར་གྲོས་ཞིབ་བྱས་པ་ལས་གཞན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བའི་སྐོར་གྱི་གནས་ཚུལ་སྙན་ཞུར་ཉན།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བཅས་གཞིར་བཟུང་སྟེ། ད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་གཙོ་བོ་བཅུ་དང་གཙོ་གནད་ལས་དོན་ཁག་བརྒྱ་དང་གསུམ་གཏན་འཁེལ་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྡེ་ཁག་དང་ལས་ཁུངས་སོ་སོས་ལས་བགོས་ལ་ཞིབ་བསྡུར་བྱས་ནས་སྲིད་ཇུས་དང་བྱེད་ཐབས་སྔར་ལས་ཏན་ཏིག་དང་ཞིབ་ཕྲ་ཅན་དུ་གཏོང་བ་དང་། དེ་བསྟུན་གྱི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་བ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བཅས་བྱེད་དགོས། ལས་ཀའི་སྣེ་ཁྲིད་སྡེ་ཁག་གིས་འགན་འཁྲི་འཁུར་ཕོད་པར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དུས་ཐོག་ཏུ་གཞི་རིམ་གྱི་གནས་ཚུལ་དང་ཚུར་སྣང་བྱས་པའི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་གཙོ་གནད་ལས་དོན་དོན་འཁྱོལ་དང་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས། ཚོགས་ཐོག་ནས་ཀྲུང་དབྱང་ཞིང་སྡེ་བྱ་བའི་ཚོགས་འདུའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་གཙོ་གནད་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སྐོར་གྱི་ཇུས་གཞི་ཞེས་པར་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་བྱས་པ་ལས་བྱུང་བའི་ལག་ལེན་རླབས་ཆེན་ཞིག་དང་ཀུན་སྤྱོད་བཟང་པོ་ཞིག་ཡིན། ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཕྱོགས་སོ་སོའི་འགན་འཁྲི་མུ་མཐུད་ཇེ་དམ་དུ་གཏོང་བ་དང་། སྲིད་ཇུས་དང་ལས་དོན་དོན་འཁྱོལ་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་པོ་མི་འབྱུང་བར་བྱེད་པ་བཅས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་དགོས། འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཁྲིད་ཕྱོགས་ལ་ཤུགས་བསྣན་ནས། ནོར་སྲིད་ཀྱི་རྒྱབ་སྐྱོར་དང་ལས་གཞི་བཀོད་སྒྲིག རོགས་སྐྱོར་སྲིད་ཇུས་བཅས་ཚང་མ་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་ཇུས་འགོད་དང་ལག་བསྟར་བྱེད་དགོས། བར་བརྒལ་དུས་སྐབས་ནང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཏེ། བར་བརྒལ་དུས་སྐབས་རྗེས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་ལ་གང་མགྱོགས་ཇུས་འགོད་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།