ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་རྐང་བདག་དབུ་གཙོ་ཀུའུ་ཧྲུའུ་དང་མཉམ་དུ་བཞུགས་མོལ་བྱས།
ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་རྐང་བདག་དབུ་གཙོ་ཀུའུ་ཧྲུའུ་དང་མཉམ་དུ་ཟི་ལིང་ནས་བཞུགས་མོལ་བྱས་ཏེ། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞིར་མིང་རྟགས་བཀོད།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀུའུ་ཧྲུའུ་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་བྱས་ལ། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་གནས་ཐིག་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གསལ་སྟོན་བྱས་ཡོད་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཐབས་ལམ་བཏོན་ཡོད་པས། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བསྐྱོད་དགོས་ལ། དཔལ་འབྱོར་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་འབད་པས་སྐུལ་འདེད་གཏོང་ན། དངུལ་རྩའི་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་གཞི་མགོ་རྩོམ་ས་གསར་བར་བརྩིས་ཏེ། སྔོན་གྱི་མཉམ་ལས་ཀྱི་རྨང་གཞིའི་སྟེང་། ཐོན་ལས་གནས་བཞི་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་དགོངས་དོན་གལ་ཆེན་ཐུན་མོང་གིས་དངོས་འབེབས་བྱེད་དགོས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞབས་ཞུ་དང་ཁོར་ཡུག་ལེགས་སྒྱུར་བྱ་བ་སྔར་ལས་ལེགས་པོར་སྒྲུབ་ནས། སྔོན་དང་འདྲ་བར་ཞིང་ལས་དངུལ་ཁང་གི་ལས་དོན་མཚོ་སྔོན་ནས་དར་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཀུའུ་ཧྲུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་ནས་ད་བར་ཀྲུང་གོ་ཞིང་ལས་དངུལ་ཁང་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་དངུལ་རྩས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་འཆར་གཞི་དང་ཕྱོགས་ཡོངས་ནས་སྦྲེལ་བར་བྱས་ཏེ། སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུས་མཚོ་སྔོན་གྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་རྒྱུ་ཡིན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བཞུགས་མོལ་ལ་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གི་དངུལ་གཏོང་ལྟ་སྐུལ་པ་ཅཱང་རོས་པིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་གཞིར་མིང་རྟགས་བཀོད།
རིག་འཛིན་སྒྲོལ་མས་བསྒྱུར།