མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཐོན་ལས་ཐཱན་མེད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བགྲོ་གླེང་ཚོགས་འདུ་དང་ལྗང་གློག་རིན་ཐང་མངོན་འགྱུར་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་མཐུན་འགོད་པའི་མཛད་སྒོ་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་མཚོ་ཤར་གྲོང་ཁྱེར་དུ་བསྡུས་པ་དང་། ནུས་ཁུངས་གསར་བའི་ཐོན་རྫས་ཀྱི་ཐཱན་མ་ལག་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དགེ་མཚན་ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་ནས། ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་གློག་ནུས་པེ་ཅིང་ངོས་ལེན་ལྟེ་གནས་ཚད་ཡོད་ཀུང་ཟི་དང་རོས་ཏེན་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་མ་ཟད་སྒུལ་གློག་སྒྲིག་ཆས་རིགས་ཀྱི་ཐོན་རྫས་དང་ཁོར་ཡུག་ཐོན་རྫས་ཐད་ཀྱི་གསལ་བསྒྲགས་འཛིན་ཡིག་ཁྱབ་བསྒྲགས་བྱས། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་ཀྲུང་གོ་གློག་ཤུགས་ཆ་སྡེབས་སྒྲིག་ཆས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་ཐོན་ལས་ར་བ་གཉིས་ཀྱིས་ཐཱན་ངོས་ལེན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པར་མ་ཟད། རྒྱལ་སྤྱིའི་ལྗང་གློག་ཐཱན་དམའ་ངོས་ལེན་མཚོ་སྔོན་ཞིབ་འཇུག་ལས་སྒྲུབ་ཁང་བཙུགས་ཏེ་སྒོ་བྱང་བཀལ། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཆེད་མཁས་པ་དང་རིག་གནས་པ། ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཐོན་ལས་ཐཱན་མེད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།
མཚོ་སྔོན་གྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བརྩི་བ་དང་། རྒྱལ་སྤྱིའི་ཤན་ཤུགས་ལྡན་པ་དང་ལས་རིགས་སྣེ་ཁྲིད་རང་བཞིན་གྱི་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། ཕྱོགས་སོ་སོའི་བར་གནད་འགག་ལག་རྩལ་གྱི་བརྗེ་རེས་སྤེལ་བ། ལས་གཞི་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་ནུས་གློག་དྲ་དང་རླུང་འོད་ཆུ་བཅས་གཞི་གཅིག་ཅན་གྱི་གློག་ཁུངས། ལྗང་གློག་ཁུངས་འཚོལ་ངོས་ལེན་བཅས་ཀྱི་བསྡུར་ཚད་མཐོ་བའི་ལྗང་གློག་མཁོ་འདོན་མ་ལག་མྱུར་དུ་འཛུགས་པ། རྒྱལ་ཁབ་རིམ་པའི་ལྗང་གློག་ཐོན་སྐྱེད་མཁོ་འདོན་རྟེན་གཞི་དང་ལྗང་མདོག་རྫས་འགྱུར་བཟོ་ལས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱས་ནས། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།