ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་རྣམ་གྲངས་གལ་ཆེན་ལས་མགོ་རྩོམ་པའི་མཛད་སྒོ་གཅན་ཚ་རྫོང་དུ་བསྡུས།
ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནགས་རྩྭ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི།ཅུའུ་ཀྲང་ལིས་ཞའོ་ནན་གྱིས་2023ལོའི་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་རྣམ་གྲངས་གལ་ཆེན་དང་རྨ་ལྷོ་ཁུལ་གྱི་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་ལྟ་ཁུལ་གྱི་རྣམ་གྲངས་ལས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། 2023ལོའི་ནགས་རྩྭའི་རྣམ་གྲངས་ཀྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལས་མགོ་བརྩམས་པའི་འབོད་བརྡ་བཏང་།
ལིས་ཞའོ་ནན་གྱིས་བསྟན་དོན། རྣམ་གྲངས་གལ་ཆེན་ནི་དཔལ་འབྱོར་འཁོར་སྐྱོད་བརྟན་འཇགས་ཡོང་བའི་རྨང་རྡོ་ལྟ་བུ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་ཤུགས་ཀྱང་ཡིན། ན་ནིང་། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་མ་ལག་གིས་ལོ་ཧྲིལ་བོར་རིགས་སོ་སོའི་ནགས་རྩྭའི་མ་དངུལ་སྒོར་ཐེར་འབུམ་ལྔ་དང་བྱེ་བ་བརྒྱད་བརྩོན་ལེན་དངོས་འབེབས་བྱས་ཏེ། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་ལྔ་ཡོངས་འགྲུབ་བྱས་པས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཚད་བརྒལ་ལེགས་འགྲུབ་བྱུང་། མིག་སྔའི་བར་དུ། རང་ཞིང་གིས་བསྟུད་མར་ལོ་གསུམ་ལ་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དཔེ་སྟོན་ཚོད་ལྟ་ཁུལ་གྱི་རྣམ་གྲངས་སྙན་ཞུ་ལེགས་འགྲུབ་བྱུང་ནས། དེའི་ནང་། 2022ལོར་སྙན་ཞུའི་རྣམ་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། 2023ལོར་ཟི་ལིང་དང་མགོ་ལོག་གི་ནགས་རྩྭའི་རྣམ་གྲངས་དུས་མཉམ་དུ་དེའི་ཁྲོད་ཚུད་དེ། ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་མ་ལག་གིས་རྣམ་གྲངས་དམ་འཛིན་དང་རྣམ་གྲངས་དངོས་སྒྲུབ་བྱེད་པའི་ཁག་ཁུར་བྱེད་ཕྱོགས་ཡོངས་སུ་མངོན་པར་བྱས་ཡོད།
ལིས་ཞའོ་ནན་གྱིས་ནན་གྱིས་བསྟན་དོན། ད་ལོར་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་རྣམ་གྲངས་ཀྱི་སྤྱིའི་དངུལ་གཏོང་ལ་ཐོལ་རྒལ་གསར་བ་ཡོད་པར་བྱེད་རྒྱུ་སྟེ། དེའི་ཁྲོད། རྨ་ཆུའི་བཞུར་རྒྱུན་གྱི་གཅན་ཚ་ནས་ཐུན་རིན་བར་གྱི་སྐྱེ་ཁམས་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་ཐད་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་གསུམ་ཡིན་ལ། འཛུགས་སྐྲུན་གཞི་རྒྱ་མུའུ་འབུམ་བཞི་ཁྲི་གསུམ་སྟོང་ལྔ་ཡིན་པས། དེ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་། ས་ཆུ་བཅོས་སྐྱོང་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་རྩྭ་མ་ལག་གིས་མིག་སྔར་གྱི་ཕན་ཡོད་གོ་སྐབས་དམ་འཛིན་བྱས་ཏེ། རིམ་པ་སོ་སོའི་རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་དང་མཐུན་སྦྱོར་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་བྱས་ནས། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རྣམ་གྲངས་བཀོད་གཏོང་དང་ལྟ་སྐུལ་བྱ་བ་ལེགས་པོར་སྒྲུབ་པ། དུས་ལྟར་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་དཀའ་གནད་མཐུན་སྦྱོར་ཐག་གཅོད་བྱེད་དགོས། ས་ཆ་སོ་སོའི་ནགས་རྩྭ་དོ་དམ་སྡེ་ཁག་གིས་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ཏེ། བྱེད་ཐབས་ཤུགས་དྲག་དང་། འཆར་འགོད་འབད་འཐབ་བཅས་བྱས་ནས། སྤུས་ཚད་མཐོན་པོའི་སྒོ་ནས་ལག་བསྟར་ལེགས་འགྲུབ་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།