ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཡོམ་འགོག་གནོད་སེལ་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འགོག་གནོད་སེལ་རྒུབ་སྐྱོབ་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བཟང་བོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཡོམ་འགོག་གནོད་སེལ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་ཞིང་ཆེན་ས་ཡོམ་ཅུའུ་ཡི་སྔོན་དཔག་ཉེན་བརྡའི་ལྟེ་གནས་དང་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ལ་སོང་སྟེ་ཡུལ་དངོས་ནས་ས་ཡོམ་འཕྲལ་བསྟུན་རམ་འདེགས་ཇུས་ཆོད་དབྱེ་ཞིབ་མ་ལག་དང་ས་ཡོམ་མྱུར་སྒྲོག་མ་ལག ས་ཡོམ་སྔོན་དཔག་ཉེན་བརྡའི་མ་ལག་བཅས་ལ་ལྟ་ཞིབ་བྱས་ཤིང་། ཞིང་ཆེན་ཡོངས་སུ་ས་ཡོམ་བྱུང་བའི་གནས་བབ་དང་ཡོམ་འགོག་གནོད་སེལ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པ་དང་། འཐབ་ཕྱོགས་དང་པོ་ན་ཡོད་པའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པར་མ་ཟད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁོ་ཚོར་ལྷག་བསམ་རྣམ་དག་སྒོས་གུས་འདུད་དང་བཀའ་དྲིན་ཆེ་ཞུས།
དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱིས་ཡོམ་འགོག་གནོད་སེལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཡོམ་འགོག་གནོད་སེལ་བྱ་བ་དེ་སྤྱི་ཐུན་བདེ་འཇགས་མ་ལག་གི་ནང་དོན་གལ་ཆེན་ཞིག་ཡིན་པའི་ཆ་ནས། ས་ཡོམ་གྱི་གནོད་འཚེ་དང་ཉེན་ཁ་འགོག་སེལ་དང་ཞི་འཇགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ཆབ་སྲིད་ཀྱི་ལངས་གནས་ཇེ་བརྟན་དུ་བཏང་སྟེ། ཡོམ་འགོག་གནོད་སེལ་བྱ་བ་བཟང་བོར་སྒྲུབ་པའི་ཆབ་སྲིད་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཡོམ་འགོག་གནོད་སེལ་བྱ་བ་བཟང་བོར་སྒྲུབ་དགོས། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་སྟེ། ས་ཡོམ་གྱི་གནོད་འཚེ་དང་ཉེན་ཁའི་འཕེལ་རྒྱས་ཆོས་ཉིད་ཐད་ཀྱི་ངོས་འཛིན་མཐོར་འདེགས་སུ་གཏོང་བ་དང་། ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ས་ཡོམ་གྱི་གནོད་འཚེ་དང་ཉེན་ཁར་ཁ་གཏད་གྲ་སྒྲིག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། ཏང་དང་མི་དམངས་ཀྱི་ས་ཡོམ་བདེ་འཇགས་ཐད་ཀྱི་ལྟ་སྲུང་མཁན་བཟང་བོ་ཞིག་བྱེད་དགོས། བྱ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། ལྟ་ཞིབ་ཚད་ལེན་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ས་ཡོམ་གྱི་གནོད་འཚེ་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ས་ཡོམ་གྱི་འཕྲལ་བསྟུན་རོགས་སྐྱོབ་ནུས་པ་ཇེ་ཆེར་གཏོང་བ། ཚན་རྩལ་འདེགས་ཤུགས་འགན་སྲུང་ལ་ཤུགས་སྣོན་པ། ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་ཐད་ལ་ཤུགས་བསྐྱེད་པ་དང་། ཕྱོགས་ཡོངས་ནས་ཡོམ་འགོག་གནོད་སེལ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཞབས་ཞུ་ལེགས་སྒྱུར་དང་སྤུས་ཚད་མཐོར་འདེགས། ནུས་པ་ཇེ་ཆེར་གཏོང་བའི་ཐད་ལ་ཤུགས་བསྐྱེད་དེ། ཡོམ་འགོག་གནོད་སེལ་སྤྱི་ཐུན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཡོམ་འགོག་གནོད་སེལ་སྤྱི་ཐུན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ལེགས་པོ་ཞིག་འབྲི་བར་རོགས་འདེགས་བཟང་བོ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་རྟོག་ཞིབ་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།