ལིས་ཞི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭར་ཞུགས།
2023.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཏང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚེས23ནས་ཚེས25ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་དུ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུན་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་རྒྱུ་དང་། “གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་བཅོལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་དུ་བྱས་རྗེས་གསར་པ་འཇོག་དགོས།

ལིས་ཞི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ལེན་དགོས་ན། ཆེས་འགག་རྩ་ནི“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཡིན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཞི་ཅི་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་ལས་དོན་ཐམས་ཅད་ལ་སྤྱི་འདོམས་གང་ལེགས་བྱས་ཏེ།“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་སྟེང་དུ་བླངས་ནས་ལག་བསྟར་བྱེད་དགོས། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་གསལ་བོ་དང་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱ་རྒྱུར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་དམིགས་ཏེ་ལྟ་སྐུལ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོར་བརྟེན་ནས་རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེར་སློབ་གསོ་དག་ཐེར་ལས་དོན་སྤེལ་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་མཁས་པའི་དཔུང་སྡེ་ཞིག་འཛུགས་དགོས། ཁྱབ་ཁོངས་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། མགོ་རྩོམ་ས་གསར་པའི་སྟེང་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལིག་ཅིན་གོ་ཡིས་སྤྱི་སྡོམ་གཏམ་བཤད་སྐབས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་པར་བྱེད་པ་དང་། ཕུགས་བསམ་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ་དེ་འགན་འཁྲི་གཙང་སྒྲུབ་དང་རང་ངོས་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། གསར་གཏོད་དུས་རབས་ཀྱི་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་གྱི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།