ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་པེ་ཅིང་དུ་འཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པར་མ་ཟད། བརྗོད་དོན་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་དེའི་སྟེང་ནས། ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ལ་མཐོང་ཆེན་གང་ལེགས་གནང་བ་མཚོན་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་པས། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་དགོས།
ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་དང་དེང་རབས་ཀྲུང་གོའི་མངོན་གསལ་ཅན་གྱི་མཚོན་རྟགས་ཤིག་ཡིན། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་དེ་རྒྱལ་ནང་གི་འཁོར་རྒྱུག་ལ་བཀག་སྡོམ་བྱེད་པ་ཞིག་གཏན་ནས་མིན་པར། དེ་ནི་སྔར་ལས་སྒོ་འབྱེད་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཡིན། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་སྤེལ་གཏོང་བར་ཤུགས་སྣོན་པ་དང་། རྒྱལ་ཁབ་སོ་སོ་དང་ཕྱོགས་གང་ཅིའི་ཐད་ནས་ཚོང་རའི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན། ཚོང་རར་ཞུགས་ཆོག་པའི་ཚད་མུ་མཐུད་རྒྱ་བསྐྱེད་དེ། ཕྱི་རྒྱལ་གྱི་མ་དངུལ་འགུག་ནུས་དང་བེད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བསྐྲུན་དགོས། ས་ཁོངས་སྒོ་འབྱེད་ཀྱི་བར་སྟོང་བཀོད་སྒྲིག་རྒྱ་སྐྱེད་དང་ལེགས་བཅོས་བྱས་ཏེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ལ་རམ་འདེགས་གང་ལེགས་བྱེད་དགོས། སྤུས་ཚད་མཐོ་བའི་ངང་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་བཏང་ནས། འཛམ་གླིང་ཧྲིལ་པོའི་དར་རྒྱས་གོང་འཕེལ་ལ་སྒུལ་ཤུགས་གསར་པ་སྣོན་དགོས།
ཏེན་ཞུའེ་ཞང་གིས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བར་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནས་རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྲིད་ཇུས་ཀྱི་ལེགས་སྒྲིག་ཚད་ལས་བརྒལ་ཏེ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་མི་ཐོན་པར་བྱེད་དགོས་པ་དང་། གཉིས་ནས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་དྲང་ནུས་ཆེན་པོ་སྣོན་དགོས། གསུམ་ནས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སྒོ་འབྱེད་དང་འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་དགོས། བཞི་ནས་ལྗང་མདོག་མཉམ་ལས་ཀྱི་རོགས་རེས་འབྲེལ་བ་བཏོད་དེ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། ལྔ་ནས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་ལེགས་བཏང་སྟེ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ཧུར་ཐག་བྱས་ནས། མཐུན་སྒྲིལ་དང་འདྲ་མཉམ། དོ་མཉམ། ཀུན་ཕན་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་རོགས་རེས་འབྲེལ་བ་མཉམ་སྐྲུན་བྱེད་དགོས་པ་བཅས་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།